དུད་ཁྱིམ་ཚང་མའི་ནང་མགོ་འཁྲིད་ཚོའི་འདྲ་པར་བཤམ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ།

རྒྱ་ནག་གཞུང་གིས་གཞུང་གི་རོགས་རམ་ཐོབ་མཁན་ཉམ་ཐག་དབུལ་པོ་ཙམ་མིན་པར་སྡེ་བ་སོ་སོའི་དགོན་པ་དང་སློབ་གྲྭ། ཁྱིམ་ཚང་སོགས་ཀྱི་ནང་དུ་མགོ་འཁྲིད་ཚོའི་འདྲ་པར་བཤམ་དགོས་པའི་བཙན་འཛུལ་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༡༣ ཉིན། རྔ་བ་མཛོད་དགེ་རྫོང་བོད་ཡིག་གསར་འགྱུར་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ལོ་མགོ་ནས་བཟུང་མཛོད་དགེ་རྫོང་གིས་ཡོངས་ཁྱབ་ངང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་ཏེ། ཏང་གི་རྗེས་སུ་བློ་གཅིག་སེམས་གཅིག་གིས་འབྲངས་བ་ཟེར་བ་དེའི་ཆེད་དུ་སྡེ་བ་སོ་སོའི་སྡོད་ཁང་དང་། དགོན་པ། སློབ་གྲྭ། ལས་ཁུངས་ཚང་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་ཚོའི་པར་ངོས་སུ་བཀལ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་བོད་ནང་གི་འབྲེལ་ཡོད་ཅིག་ལ་གནས་ཚུལ་དེའི་སྐོར་དྲིས་པར། གནས་ཚུལ་དེ་བདེན་པ་རེད་ལ་འདི་ལོའི་ལོ་མགོ་ནས་སྡེ་བ་སོ་སོའི་ནང་ཚོགས་འདུ་ཚོགས་ཏེ། ཚོགས་འདུའི་སྟེང་ཁྱིམ་ཚང་རེ་ལ་ཞི་ཅིན་ཕིན་གཙོའི་མགོ་འཁྲིད་ཚོའི་པར་རེ་སྤྲོད་བཞིན་ཡོད་པ་དང་། དེ་སྔོན་ལྟ་བུར་མཚོན་ན་ཁྱིམ་ཚང་དབུལ་བོ་དང་སྲིད་གཞུང་གིས་རོགས་སྐྱོར་སྤྲོད་ས་ཚང་མས་པར་བཤམ་དགོས་ན་ཡང་། ད་ལོ་ནས་བཟུང་མཛོད་དགེ་རྫོང་གི་མངའ་ཁོངས་ན་ཡོད་པའི་སྡེ་བ་ཚང་མར་ལས་འགུལ་དེ་སྤེལ་འཆར་ཡོད་པ་དང་། ང་ཚོའི་སྡེ་བར་མཚོན་ན་དེ་སྔོན་ནས་ཁྱིམ་ཚང་རེ་རེ་བྱས་ཏེ་པར་རེ་སྤྲད་སོང་། ཞེས་བརྗོད་བྱུང་།དེ་འབྲེལ་གནས་ཚུལ་ནང་ད་ལོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་སྔར་ལས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། རྒྱ་ཆེའི་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་བརྟན་པོ་འཛུགས་ཆེད། མཛོད་དགེ་རྫོང་གིས་གཙོ་འཛིན་གྱི་པར་དགོན་པ་དང་ལས་ཁུངས། སློབ་གྲྭ་དང་ཁེ་ལས། ཁྱིམ་ཚང་སོ་སོར་བཀལ་བའི་ལས་འགུལ་སྤེལ་བཞིན་ཡོད། ཅེས་བཤད་འདུག

ཡང་གནས་ཚུལ་དེའི་ནང་མཛོད་དགེ་རྫོང་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཧུར་ཐག་འབད་ཐག་སྒོས། ས་གནས་ཀྱི་ཞིང་འབྲོག་མང་ཚོགས་དང་དགོན་སྡེ་ཁག་སོགས་ལ་མགོ་འཁྲིད་ཚོའི་པར་ཚར་ ༡༤༠༠༠ འགྲེམ་སྤེལ་བྱས་ཡོད་པ་དང་། གནད་དོན་དེས་མཛོད་དགེ་རྫོང་ཡོངས་ཀྱི་དུད་ཁྱིམ་རེ་རེས་མགོ་འཁྲིད་ཀྱི་འདྲ་པར་ཁྱིམ་གྱི་མཐོར་སར་བཀལ་ཏེ། ཏང་གི་བཀའ་དྲིན་བརྗེད་མེད་ཀྱི་འདུ་ཤེས་ལེགས་པར་མཚོན་བཞིན་ཡོད། ཅེས་འུར་སྒྲོག་བྱས་འདུགའདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་སྡེ་དང་དགོན་སྡེ། སློབ་གྲྭ་སོགས་ཚང་མའི་ཁང་པའི་ནང་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོའི་པར་རིས་བཤམ་དགོས་པའི་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་དང་། ལས་འགུལ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་བོད་ཁུལ་ལ་ཆེད་དམིགས་ཏུ་སྤེལ་བའི་ཡོད་པ་དགུ་ཞེས་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། ཡོད་པ་དགུའི་གྲངས་འདྲེན་དང་པོའི་ནང་སྡེ་བ་དང་དུད་ཁྱིམ་རེ་རེའི་ཁང་བའི་ནང་མའོ་ཙེ་ཏུང་དང་ཏིན་ཞོ་ཕིན་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་རྒྱ་ནག་གི་རླབས་ཆེ་བའི་མགོ་ཁྲིད་བཞི་ཟེར་བ་དེ་ཚོའི་འདྲ་པར་བཤམ་དགོས་ཀྱི་ཡོད་འདུག

མཐོ་རིམ་མགོ་འཁྲིད་ཚོའི་པར་བཤམ་དགོས་པའི་སྐོར་ལ་ཚེ་རིང་འོད་ཟེར་ལགས་ཀྱིས་རྩོམ་ཡིག་ཅིག་སྤེལ་བའི་ནང་། མགོ་ཁྲིད་ཚོའི་པར་རིས་ཁང་ངོས་སུ་འགེལ་རྒྱུའི་ལས་འགུལ་དེ་རྒྱ་ནག་གི་མགོ་འཁྲིད་མའོ་ཡི་ཆབ་སྲིད་ཀྱི་མཚོན་ཆ་ཞིག་ཡིན་པ་དང་། ལས་གཞི་དེའི་རྒྱབ་ཀྱི་དམིགས་འདུན་ཆེན་པོ་གཞན་ཞིག་ནི། བོད་པའི་རང་གི་སྟོན་པའི་སྐུ་བརྙན་ལ་དད་པ་བྱེད་པའི་སྲོལ་རྒྱུན་དེ་མགོ་ཁྲིད་ཚོའི་འདྲ་པར་ཨུ་ཚུགས་ཀྱིས་སྒྲིག་བཤམ་བྱེད་རྒྱུའི་ལུགས་སྲོལ་ལ་བསྒྱུར་ཏེ། བཅོས་མིན་ཡིད་ཆེས་དེ་ཡིད་ཆེས་རྫུན་མ་ཞིག་ལ་བརྗེ་བོ་རྒྱག་ཐབས་བྱེད་རྒྱུ་དེ་རེད། ཁོ་ཚོའི་བསམ་པར་ཅ་ལག་ཅིག་དུས་གཏན་དུ་གཞན་ཞིག་དང་བརྗེ་བོ་བརྒྱབ་ན་ནུས་པ་ཆེན་པོ་ཞིག་འཐོན་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་བརྗོད་འདུགཡང་ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་ནག་གཞུང་གིས་དབུལ་སྐྱོབ་དགོས་ན་སྐུ་པར་བཤམ་དགོས་ཞེས་པའི་ལས་འགུལ་ཞིག་བཙན་གྱིས་སྤེལ་ཏེ། རྒྱ་ནག་གཞུང་གིས་ཆེད་དུ་བཏང་བའི་ས་གནས་སྲིད་གཞུང་གི་ལས་བྱེད་ཚོ་མཚམས་རེར་དུད་ཁྱིམ་རེ་རེའི་ནང་དུ་སོང་ནས་མགོ་འཁྲིད་ཚོའི་པར་བཤམ་ཡོད་མེད་ཀྱི་བརྟག་དཔྱད་སོགས་བྱེད་བཞིན་ཡོད་པ་དང་། ལས་འགུལ་དེ་ཤུགས་ཆེར་སྤེལ་བཞིན་པའི་དུས་ཚོད་ནང་སི་ཁྲོན་ཟུང་ཆུ་རྫོང་ཁོངས་ཀྱི་གྲོང་ཚོ་ཞིག་ནས་ཡིན་པའི་བོད་རིགས་བུད་མེད་ཅིག་གིས། ཁྱིམ་དུ་༧གོང་ས་མཆོག་གི་སྐུ་པར་བཤམ་ཡོད་པ་མཐོང་ཚེ། སྐུ་པར་བཤམ་ན་མི་ཆོག་པ་དང་། ཁོང་གི་ཞབས་རྗེས་འབྲངས་ན་སོ་སོར་ཆག་སྒོ་འབྱུང་རྒྱུ་ཡིན་སྟབས། དེ་ལས་རྒྱ་ནག་གཞུང་གི་རྗེས་སུ་འབྲངས་ན་ཡག་པོ་ཡོང་སྐོར་བརྗོད་ཡོད་པ་མ་ཟད། བཙན་དབང་གིས་ཁྱིམ་ཚང་རེ་རེའི་སྒོ་ཁར་གུང་ཁྲན་ཏང་གི་དར་ཆ་དང་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱེད་དུ་འཇུག་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༤

Leave a Reply

One thought on “དུད་ཁྱིམ་ཚང་མའི་ནང་མགོ་འཁྲིད་ཚོའི་འདྲ་པར་བཤམ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ།

  1. 😂😂😂 བོད་དུ་དུད་ཁྱིམ་ཚང་མའི་ནང་ བདུད་ཀྱི་ 👹 འདྲ་པར་བཤམ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ།
    བོད་དུ་དུད་ཁྱིམ་ཚང་མའི་ནང་ Corona 🦠 འདྲ་པར་བཤམ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ།
    བོད་དུ་དུད་ཁྱིམ་ཚང་མའི་ནང་ རྒྱ་དམར་གྱི་གླན་ལྐུག་ཚོའི་ 🦦འདྲ་པར་བཤམ་དགོས་པའི་བཙན་སྐུལ་ལས་འགུལ་སྤེལ། 😂😂😂 what a Crazy!