ཨ་རིའི་མངའ་སྡེ་ཁག་ཅིག་ནང་རླུང་འཚུབ་ཀྱིས་གནོད་སྐྱོན་བཟོས།

ཨ་རིའི་མངའ་སྡེ་ཁག་ཅིག་ནང་རླུང་འཚུབ་གཡུགས་ཏེ་མི་གྲངས་ས་ཡ་གཅིག་ལྷག་གི་འཚོ་བར་ཤུགས་རྐྱེན་བཟོས་པ་དང་དཔའ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་འདུགཁ་སང་དང་དེ་རིང་ཉིན་གཉིས་རིང་ཨ་རིའི་ལྷོ་རྒྱུད་ཀྱི་མངའ་སྡེ་ཁ་རོ་ལི་ནཱ་དང་ཊེ་ནི་སིའུ། དེ་བཞིན། མེ་སི་སི་པེ་གཙོས་པའི་མངའ་སྡེ་གཞན་ཁག་ཅིག་གི་ནང་རླུང་འཚུབ་ཤུགས་ཆེན་གཡུག་གི་ཡོད་པའི་རྐྱེན་གྱིས། མངའ་སྡེ་དེ་དག་ནང་གི་ཁང་པ་བརྒྱ་ཕྲག་འགའ་གཏོར་བཤིག་དང་མི་གྲངས་ས་ཡ་ ༡ ལྷག་གི་ཚོང་འབྲེལ་གཙོས་པའི་འཚོ་གནས་ལ་གྱོང་གུད་ཐེབས་ཡོད་པ་མ་ཟད། རླུང་འཚུབ་ཁྲོད་མི་མང་པོར་རྨས་སྐྱོན་དང་མི་གྲངས་ ༣༢ རྐྱེན་འདས་སུ་བཏང་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཕྱི་ཤུལ་ལུས་ནང་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་། ལྷོ་ཁ་རོ་ལི་ནཱའི་སྲིད་སྐྱོང་ཧན་རེ་(Henry McMaster)ལགས་ཀྱིས། ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཙམ་ནས་ང་ཚོའི་མངའ་སྡེའི་ནང་རླུང་འཚུབ་ཤུགས་ཆེན་ཞིག་གཡུགས་ཏེ། གློག་ལམ་ཡོངས་རྫོགས་བཅད་པ་མ་ཟད། མདང་དགོང་མཚན་གཅིག་རིང་མི་གྲངས་ ༡༡ ལྷག་རྐྱེན་འདས་སུ་བཏང་སོང་། ཞེས་བརྗོད་ཡོད་པ་དང་། རང་བྱུང་གི་གོད་ཆག་དེ་ཁྱོན་ཨ་རིའི་མངའ་སྡེ་ ༧ ལྷག་ནང་བྱུང་ཡོད་པ་དང་། རླུང་འཚུབ་ཤུགས་རྐྱེན་འོག མངའ་སྡེ་ཁག་ཅིག་གི་གློག་དང་ཡང་ཁག་ཅིག་གི་འགྲོ་ལམ་ལ་བཀག་ཡོད་སྟབས། ཏོག་དབྱིབས་ནད་དུག་གི་ཁྱིམ་སྡོད་བཀའ་ཁྱབ་འོག་མྱུར་སྐྱོབ་སོགས་མགྱོགས་པོ་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

ཧཱ་མལ་ཊོན་གྲོང་ཚོའི་ཛ་དྲག་དོ་དམ་འབྲེལ་མཐུད་ཁང་གི་འགན་འཛིན་ཨེ་མེ་མག་སི་ཝོལ་(Amy Maxwell)ལགས་ཀྱིས། ད་ལྟ་ང་ཚོས་མྱུར་སྐྱོབ་མི་སྣ་ ༥༠༠ འགྲེམས་འཇོག་གིས་བོར་བརླག་ཏུ་ཕྱིན་པ་དང་གཏོར་སྐྱོན་ཆེ་ཤོས་བྱུང་སའི་ས་གནས་ཁག་ཏུ་མྱོར་སྐྱོབ་བྱེད་བཞིན་ཡོད། ང་ཚོས་ཁང་པ་ནས་ཁང་པ་བརྒྱུད་མྱུར་སྐྱོབ་བྱས་ཏེ། མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། ད་ལྟ་རླུང་འཚུབ་ཀྱིས་གཏོར་སྐྱོན་ཤུགས་ཆེན་བཏང་ཡོད་པ་གསལ་བོ་རེད་འདུག ཅེས་བརྗོད་འདུག

ད་ལྟའི་ཆར་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ཡུལ་མངའ་སྡེ་ཁག་ནི་ལྷོ་དང་བྱང་ཁ་རོ་ལི་ནཱ་(Carolina)དང་ཇཱོར་ཇི་ཡ་(Georgia)། ཊེ་ནི་སིའུ ་(Tennessee)། མེ་སི་སི་པེ་(Mississippi)། ཨར་ཁན་སས་(Arkansas)། ཨ་ལ་བྷ་མཱ་(Alabama) ལོའུ་སི་ནཱ་( Louisiana)བཅས་ཡིན་འདུག

མངའ་སྡེ་ལོའུ་སི་ནཱའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མོན་རེས་(Monroe)ཀྱི་གནམ་ཐང་དུ་རླུང་འཚུབ་གཡུགས་ཏེ་གནམ་གྲུ་དང་གནམ་ཐང་ལ་གཏོར་སྐྱོན་ཐེབས་ཡོད་པ་དང་། གནམ་ཐང་གི་འགན་འཛིནརོན་ཧྥི་ལི་ཕུ་(Ron Phillip)ལགས་ཀྱིས། རླུང་འཚུབ་ཀྱིས་ང་ཚོའི་གནམ་ཐང་དང་གནམ་གྲུར་གཏོར་སྐྱོན་བཏང་སྟེ་ཁྱོན་ཨ་སྒོར་ས་ཡ་ ༢༥ ནས་ ༣༠ བར་གྱི་གྱོང་གུད་ཐེབས་འདུག ཅེས་བརྗོད་ཡོད་པ་རེད། འདས་ལོར་བྱང་ཁ་རོ་ལི་ནཱའི་ནང་རླུང་འཚུབ་བྱུང་སྟེ་རྒྱུ་དངོས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་ཀྱང་མིར་གནོད་སྐྱོན་བྱུང་མེད་པ་དང་། ཕྱི་ལོ་ ༡༩༧༥ ལོར་ཨ་རིའི་མངའ་སྡེ་མེ་ནེ་སོ་ཌའི་ནང་རླུང་འཚུབ་གཡུགས་ཏེ། མི་གྲངས་ ༥༨ རྐྱེན་འདས་སུ་བཏང་བ་དང་སྡོད་ཁང་དང་ལམ་སོགས་སུ་གཏོར་སྐྱོན་ཤུགས་ཆེན་ཐེབས་ཡོད་སྟབས། ད་སྔ་བར་ཨ་རིའི་ལོ་རྒྱུས་ནང་གི་རླུང་འཚུབ་ཚབས་ཆེ་ཤོས་གྲས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༡༤

Leave a Reply