ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་མང་ཤོས་གནང་མཁན་ཨ་རིའི་གཞུང་གིས་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་སྐོར་གསུངས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཕོ་བྲང་དཀར་པོའི་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་ཁྱབ་སྐོར་གསང་རྒྱ་བྱས་ཏེ། རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་ཡོད་པས། ཨ་རིས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཨ་རིའི་རོགས་དངུལ་མཚམས་འཇོག་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཡིག་ཨན་ཊོ་ནེ་གྷ་ཊི་རེ་སི་ (António Guterres)ལགས་ཀྱིས། ད་ལྟའི་དུས་སྐབས་འདི་ནི་ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་མཚམས་འཇོག་བྱེད་པའི་དུས་ཤིག་མ་རེད། ཅེས་བརྗོད་འདུག

ཡང་སྲིད་འཛིན་ཊོམ་ཕུ་མཆོག་གིས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་གསང་བ་བྱས་པ་དང་། འཕྲོད་བསྟེན་སྒྲིག་འཛུགས་ནས་སོ་སོའི་འོས་འགན་ལོག་སྒྲུབ་བྱས་པ་ང་ཚོས་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བས། ངས་རང་ཉིད་ཀྱི་གཞུང་ལ་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་མཚམས་འཇོག་དགོས་པའི་ལམ་སྟོན་བྱས་ཡོད། ཅེས་གསུངས་ཡོད་པ་དང་། ཨ་རི་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་མང་ཤོས་གནང་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་རེད།

སྲིད་འཛིན་ཊོམ་ཕུ་མཆོག་གིས། འཛམ་གླིང་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཤུགས་ཆེན་བྱུང་བ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨ་རིའི་གཏོང་ཕོད་བྱས་ཏེ་སྤྲད་པའི་རོགས་དངུལ་དག་བེད་སྤྱོད་ཡག་པོ་བཏང་ཡོད་མེད་ཐོག་དོགས་པ་ཟ་ཡི་ཡོད་སྐོར་གསུངས་ཡོད་པ་དང་། ད་ལྟའི་ཆར་ཨ་རི་ནི་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ད་ལྟ་ཨ་རིའི་ནང་ཏོག་དབྱིབས་ནད་དུག་ཕོག་པའི་མི་གྲངས་ ༦༠༨༣༧༧ དང་མི་གྲངས་ ༢༥༩༨༡ རྐྱེན་འདས་སུ་ཕྱིན་ཡོད་འདུག

རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་རོགས་དངུལ་གྱི་བརྒྱ་ཆའི་ ༢༢ ནི་ཨ་རི་ཡིས་སྤྲོད་ཀྱི་ཡོད་པས། འཛམ་གླིང་གི་རོགས་དངུལ་ཆེ་ཤོས་སྤྲོད་མཁན་ཨ་རི་ཆགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ (Reschenthaler) ལགས་ཀྱིས། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom Ghebreyesus) གྱིས་འགན་འཛིན་ནས་དགོངས་ཞུ་མ་བྱས་བར་དུ་ཨ་རིས་རྒྱལ་ཚོགས་ལ་སྤྲོད་བཞིན་པའི་རོགས་དངུལ་རྣམས་གནས་སྐབས་སུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་འགོག་སྲུང་བྱ་བ་ཕམ་ཉེས་བྱུང་བའི་གནས་སྟངས་རྒྱལ་ཚོགས་ཀྱིས་འགེབ་སྲུང་བྱས་པར་རྒྱལ་སྤྱིའི་ཚོགས་སྡེ་ཞིག་གིས་ཞིབ་འཇུག་བྱེད་དགོས་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་བྱས་ཡོད་པ་རེད།

ཁོང་གིས་བཏོན་པའི་ཁྲིམས་འཆར་དེའི་ནང་། ཨ་རི་མི་མང་གིས་དཀའ་བ་ཁྱད་དུ་བསད་ནས་བསགས་པའི་ཁྲལ་དངུལ་རྣམས་རྒྱ་ནག་གི་རྫུན་གཏམ་དང་དྲིལ་བསྒྲགས་བྱེད་པ་དང་། མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་སྦ་གསང་བྱ་ཆེད་བཏང་ཚེ་ནོར་བ་རེད། ཅེས་བཀོད་འདུག་ལ། དེར་གྲོས་ཚོགས་འཐུས་མི་ ༢༡ གིས་རྒྱབ་སྐྱོ་མཚན་རྟགས་བརྒྱབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༡༥

Leave a Reply

One thought on “ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་འདུག

  1. སྤྱིར་འཛམ་གླིང་མཉམ་འབྲེལ་རྒྱབ་ཟེར་བ་སྟེ་བེད་མེད་དང་ནུས་མེད་ལྐོག་ཟ་རུལ་བསྲུང་བྱེད་མཁན་ཞིག་རེད་ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནི་རྒྱ་ནག་གི་ངོ་ཚབ་ཡིན་པ་ལས་འཛིམ་གླིང་གི་ངོ་ཚབ་གཅིག་མ་རེད་།། ད་ཐེངས་དངོས་སུ་མདུན་དུ་འཐོན་ནས་མངོན་གསལ་དོད་པའི་ཐོག་ནས་རྒྱ་ནག་ལ་དཔང་རོགས་བྱས་སྟེ་འཛམ་གླིག་ཡོངས་ལ་ནད་ཡམས་ཀྱི་དམག་འཁྲུགས་ཕྲ་མ་སླངས་པ