ཡང་བོད་ནང་མེ་སྐྱོན་ཆེན་པོ་ཤོར་འདུག

བོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཀྱི་ཉེ་འགྲམ་ནགས་ཚལ་ཁྲོད་མེ་སྐྱོན་བྱུང་སྟེ་ཉིན་གཉིས་འགྲོ་བཞིན་ཡོད་ཀྱང་ད་དུང་མེ་གསོད་ཐུབ་ཀྱི་མེད་འདུགཁ་སང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥:༢༠ སྟེང་། བོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གནས་གཞི་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པའི་རི་མགོའི་ནགས་ཚལ་ཁྲོད་མེ་སྐྱོན་ཆེན་པོ་ཤོར་ཡོད་པ་དང་། རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན། མེ་ཤོར་བ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནགས་ཚལ་མེ་འགོག་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་མེ་གསོད་མི་སྣ་དང་མེ་གསོད་འཕྲུལ་ཆས་གྲ་སྒྲིག་བྱས་ནས་མེ་གསོད་པར་འབད་ཀྱིན་ཡོད་སྐོར་བརྗོད་འདུག

འོན་ཀྱང་།  དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་ད་དུང་མེ་གསོད་ཐུབ་མེད་པ་དང་། རླུང་ཁམས་དང་སྐམ་གཤིས་ཆེ་བ་སོགས་ཀྱིས་མེ་ལྕེ་མཆེད་ཤུགས་ཧ་ཅང་ཆེ་བ་མ་ཟད། ས་གནས་ཁ་ཤས་སུ་དུ་བ་འཕྱུར་ནས་མེ་མི་མཐོང་བ་ཆགས་ཡོད་སྐོར་བརྗོད་འདུག

འདི་ལོའི་ལོ་མགོ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ཅིག་ནང་བསྟུད་མར་མེ་སྐྱོན་ཆེན་པོ་ཤོར་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་ཤོར་ནས་ཉིན་གཉིས་རིང་གསོད་མ་ཐུབ་པར་འབྲོག་པའི་ས་རྨོའུ་ཁྲི་འགའ་མེར་ཚིག་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མུ་ལི་རྫོང་གི་ནགས་ཚལ་ནང་མེ་སྐྱོན་ཤོར་ནས་བདུན་ཕྲག་གཅིག་མ་ཟིན་རིང་མེ་གསོད་ཐུབ་མེད་པ་རེད།

རྒྱ་ནག་གཞུང་གིས་མེ་སྐྱོན་དེ་དག་ནི་ས་གནས་ཀྱི་མིའི་སྟབས་མ་ལེགས་པར་བཞག་པར་བཤད་དེ། ཁྱུང་མཆུ་ནས་བོད་རིགས་ན་གཞོན་ཞིག་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་མུ་ལིའི་ནགས་ཚལ་མེ་སྐྱོན་ཡང་བྱིས་པ་ལོ་ན་ ༡༡ ཅན་ཞིག་གིས་བྱི་བ་འཛིན་ས་ནས་མེ་བཞག་ཡོད་སྐོར་བརྗོད་དེ་ནག་ཉེས་བྱིས་པ་ཞིག་ལ་བཀལ་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་ནགས་ཚལ་ཚན་པས། རྔ་བ་དང་དཀར་མཛེས་སོགས་ཀྱི་ས་ཆ་མང་ཆེ་བར་གནམ་གཤིས་སྐམ་གཤིས་ཆེ་ཞིང་། དྲོད་ཚད་མཐོ་བ་དང་རླུང་ཤུགས་ཆེ་བ་སོགས་ཀྱིས་རང་བྱུང་གི་མེ་སྐྱོན་ཡོང་བའི་ཉེན་ཁ་ཡོད་པས། ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།

འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་ཚན་རིག་དང་ཁོར་ཡུག་ཉམས་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ནགས་ཚལ་གཅོད་འབྲེག་དང་གཙང་བོ་ཁ་བསྒྱུར་སོགས་ཀྱིས་བོད་ཀྱི་གནམ་གཤིས་ཚ་དྲོད་ཤུགས་ཆེར་རྒྱས་བཞིན་པ་མ་ཟད། གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་གིས་མཐོ་སྒང་གི་གངས་འཁྱག་ཞུ་བ་དང་རྩྭ་ས་བྱེ་འགྱུར་དང་ས་རུད་བྱུང་བ། སྐམ་གཤིས་ཆེ་བའི་ནགས་ཚལ་དང་རྩྭ་ཐང་སོགས་ནང་དྲོད་ཚད་མཐོ་བའི་རྐྱེན་གྱིས་མེ་སྐྱོན་དང་རྩྭ་རྩི་ཤིང་སྐམ་པ་སོགས་བྱུང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༥

Leave a Reply