གོ་ལ་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་དགོས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཏོག་དབྱིབས་ནད་ཡམས་ཀྱིས་ང་ཚོར་འགན་འཁུར་ཚང་མ་མཉམ་ལེན་དགོས་པ་གསལ་སྟོན་བྱས་ཡོད་པས་ང་ཚོས་ངེས་པར་དུ་སྨན་པ་དང་སྨན་ཞབས་པ་ཚོར་མཉམ་རོགས་དང་གདོང་གྲོགས་བྱེད་དགོས་ཞེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་དུས་བབ་དུས་དེབ་སྟེང། ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་འཛམ་གླིང་ཡོངས་ཁྱབ་ཀྱི་བཀའ་སློབ་ཅིག་གནང་ཡོད་པ་དང་། བཀའ་སློབ་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཇིག་སྣང་ཆེ་བའི་དུས་ཚོད་འདིར་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་དང་འགན་འཁུར་དགོས་པ་དང་། སྨོན་ལམ་གཅིག་པུ་ཙམ་ཞིག་གིས་དཀའ་རྙོག་སེལ་ཐབས་མེད་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཚམས་རེར་ངོས་ཀྱི་གྲོགས་པོ་ཚོས་རྫུ་འཕྲུལ་གྱི་ནུས་མཐུ་ཡིས་འཛམ་གླིང་གི་བཀའ་རྙོག་ཁག་ཅིག་སེལ་ཐབས་ཐད་རོགས་རམས་དགོས་སྐོར་ཞུ་བཞིན་འདུག་མོད། ངོས་ཀྱིས་ནམ་རྒྱུན་གྲོགས་པོ་ཚོར་ཏཱ་ལའི་བླ་མ་ལ་རྫུ་འཕྲུལ་གྱི་ནུས་མཐུ་ཡོད་པ་མ་རེད་ཅེས་བརྗོད་བཞིན་ཡོད་ལ། གལ་ཏེ་རྫུ་འཕྲུལ་ཞིག་ཡོད་པ་ཡིན་ན་ཐོག་མར་ངོས་རང་གི་རྐང་པ་ན་བ་དང་མིད་པ་སྐམ་པ་སོགས་ཡོང་གི་མ་རེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་བཞིན། མི་ཚེ་ལ་ངེས་བརྟན་གང་ཡང་མེད་ཀྱང་ང་ཚོ་ཚང་མའི་འཇིགས་སྐྲག་དང་རེ་དོགས་སོགས་གཅིག་མཚུངས་ཀྱིས་མྱོང་བཞིན་ཡོད་པ་རེད།  ཅེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས། ནང་པའི་ཆོས་ཀྱི་ལྟ་ཚུལ་ངོས་ནས་སྐྱེས་དགའ་ན་འཆིའི་སྡུག་བསྔལ་དེ་འགྲོ་བ་སེམས་ཅན་ཐམས་ཅད་དང་མཉམ་གནས་ཡིན་ན་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་བསམ་བློར་ཁོང་ཁྲོ་དང་འཇིགས་སྣང་། འདོད་རྔམ་སོགས་ལ་དབང་བསྒྱུར་བྱེད་པའི་ནུས་པ་ཡོད་པ་རེད། འདས་པའི་ལོ་ཤས་ནང་ངོས་ཀྱིས་ཕྱིའི་གོ་མཚོན་བཀག་འགོག་བྱེད་པར་ཐོག་མར་ནང་གི་གོ་མཚོན་སྤང་དགོས་པར་བརྗོད་བཞིན་ཡོད་ལ། གནས་སྟངས་ཇི་འདྲ་ཞིག་ཡིན་རུང་སེམས་ནང་རེ་དོགས་དང་འཇིགས་སྣང་གང་ཡང་མེད་པར་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ཞིབ་དཔྱོད་བྱས་ཏེ། གནད་དོན་དེ་སེལ་ཐུབ་པའི་ཐབས་ལམ་ཡོད་པ་ཡིན་ན་ངེས་པར་དུ་འབད་ཐབས་བྱེད་དགོས་པ་དང་། གལ་ཏེ་གནད་དོན་སེལ་རྒྱུའི་ཐབས་ལམ་མེད་པ་ཡིན་ན་དེར་བསམ་བློ་བཏང་སྟེ་ཆུ་ཚོད་ཆུ་ཟོས་སུ་མ་གཏོང་།

ང་ཚོ་ནང་པ་སངས་རྒྱས་པས་འཇིག་རྟེན་ཁམས་འདི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་གོ་ལ་ཡོངས་ཁྱབ་ཀྱི་འགན་ཁུར་སྐོར་ནས་ཡང་ཡང་བཤད་ཀྱི་ཡོད། ཐེངས་འདིར་འཇིགས་སྣང་ཆེ་བའི་ཏོག་དབྱིབས་རིམས་ནད་དེས།  ང་ཚོར་མི་གཅིག་གིས་མགྱོགས་མྱུར་ངང་གཞན་དག་ལ་ཤུགས་རྐྱེན་ག་འདྲ་སྤྲོད་ཐུབ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། གནད་དོན་དེས་ང་ཚོར་བྱམས་པ་དང་བརྩེ་བས་སྨན་ཁང་ནང་ལས་གཉེར་བྱེད་མཁན་ཚོས་འབད་བརྩོན་དང་། སྤྱི་ཚོགས་རྒྱང་ཐག་རིང་བོར་སྡོད་དགོས་པ་ལག་བསྟར་སོགས་བྱས་པ་ཡིན་ན། གནད་དོན་དེ་དག་གིས་མང་པོ་ཞིག་ལ་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་རེད། ཅེས་གསུངས་འདུག

ཏོག་དབྱིབས་རིམས་ནད་དང་འབྲེལ་མིའི་རིགས་ཚང་མའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཐོག་མར་ཏོག་དབྱིབས་ནད་རིམས་དེ་རྒྱ་ནག་ཝུ་ཧན་ནང་ཐོན་པ་ནས་ངོས་ཀྱིས་རྒྱ་ནག་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་སྤུན་མཆེད་ཚོའི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད། ད་ལྟ་ང་ཚོས་བསམ་ན་རིམས་ནད་དེ་སུ་ལ་ཡང་འགོས་སྲིད་པ་ཞིག་རེད་ལ། ང་ཚོ་ཚང་མས་རང་གི་སྙིང་ཉེ་བ་དང་མ་འོངས་པའི་ཆེད་དང་། གོ་ལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་ང་ཚོ་མི་སྒེར་རང་གི་འཚོ་རྟེན་སོགས་ཀྱི་ཐད་ལའང་སེམས་འཕྲལ་བྱེད་བཞིན་ཡོད་ན་ཡང་། སྨོན་ལམ་བརྒྱབ་པ་ཙམ་གྱིས་དེ་དག་སེལ་ཐབས་ཡོད་པ་མ་རེད།

དཀའ་ངལ་འདིས་ང་ཚོར་འགན་འཁུར་ཚང་མ་མཉམ་ལེན་དགོས་པ་གསལ་སྟོན་བྱས་ཡོད་པས། ང་ཚོས་ངེས་པར་དུ་སྨན་པ་དང་སྨན་ཞབས་པ་ཚོས་ཚན་རིག་གཞི་ལ་བཞག་སྟེ་བློ་སྤོབས་ཆེན་པོས་ནད་ཡམས་དེ་གནས་སྟངས་བཟང་ཕྱོགས་སུ་བསྒྱུར་ཐབས་དང་། ང་ཚོའི་མ་འོངས་པ་དེ་འཇིགས་སྣང་ཆེ་བའི་གནས་ནས་ནས་སྲུང་སྐྱོབ་བྱེད་བཞིན་པར་མཉམ་རོགས་དང་གདོང་གྲོགས་བྱེད་དགོས་པ་དང་། འཇིགས་སྣང་ཆེ་བའི་དུས་ཚོད་འདིའི་ནང་གོ་ལ་གཅིག་གྱུར་གྱི་བསམ་བློ་བཏང་བའི་ཐོག་ནས་ཡུན་རིང་གི་འཐབ་རྩོད་དང་འགན་འཁུར་དགོས་པ་དང་། ང་ཚོས་བར་སྣང་ཁམས་ནས་བརྒྱབ་པའི་འཛམ་བུ་གླིང་གི་པར་ལ་བལྟ་སྐབས་རྒྱལ་མཚམས་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་བརྟེན། ང་ཚོ་ཚང་མས་ངེས་པར་དུ་གོ་ལ་གཅིག་གྱུར་གྱི་བསམ་བློའི་ངོས་ནས་གནམ་གཤིས་འགྱུར་ལྡོག་དང་དཀའ་རྙོག་གཞན་ཁག་ལ་གདོང་ལེན་བྱ་དགོས་པ་དང་། རིམས་ནད་འདིས་ང་ཚོར་མཉམ་རུབ་ཐོག་ནས་འགན་འཁུར་དགོས་པ་དང་། མ་འོངས་པར་ང་ཚོར་བློ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་བཞིན་ང་ཚོས་དྲན་དགོས་པ་ཞིག་ལ་མི་སུ་ཞིག་ཡིན་ཡང་དཀའ་ངལ་མེད་མཁན་ཞིག་མེད་སྟབས། དུས་སྐབས་འདིར་སྡོད་ཁང་དང་ནང་མི་སྤུན་མཆེད་མེད་མཁན་ཉམ་ཐག་ཚོར་རོགས་རམ་དང་སྲུང་སྐྱོབ་བྱེད་དགོས་པ་དང་། དཀའ་ངལ་འདིས་ང་ཚོར་ཕན་ཚུན་ཁ་ཐག་རིང་བོར་གནས་ཡོད་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་དགོས་པ་དྲན་སྐུལ་བཏང་ཡོད་པ་དང་། ང་ཚོ་ཚང་མར་བྱས་བརྩེའི་ངང་གཞན་ལ་རོགས་རམ་བྱེད་རྒྱུའི་འོས་འགན་ཡོད་པ་རེད།

ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན། ངོས་ཀྱིས་མི་རྟག་པའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་བཞིན་ཡོད་པས། མ་འོངས་པར་ནད་ཡམས་འདི་ཡང་ཞི་འགྲོ་ངེས་རེད་ལ། ངོས་ཀྱི་མི་ཚེའི་ནང་དམག་འཁྲུག་གིས་གཙོས་སྐྱི་གཡའ་དགོས་པའི་གནས་སྟངས་མང་པོ་ཞིག་མཐོང་མྱོང་། ང་ཚོས་སྔོན་ཆད་བསྒྲུབས་མྱོང་བའི་ལས་ཀ་མང་པོ་ཞིག་མཐར་ཞི་ནས་ང་ཚོར་བསྐྱར་དུ་ལངས་ཐུབ་པའི་གོ་སྐབས་བྱུང་ཡོད་པ་རེད། ངོས་ནས་ལྷག་བསམ་རྣམ་དག་གིས་མི་ཚང་མ་བདེ་འཇགས་དང་སེམས་ལྷོད་པོ་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ།  གཉན་འཕྲང་གི་དུས་སྐབས་འདིར་ཚང་མས་རེ་བ་མི་བརླག་པར་མཉམ་རུབ་ཀྱི་འབད་བརྩོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་སྤོབས་པ་ཡོད་དགོས། ཅེས་གསུངས་འདུག

བོད་སྒྱུར་ཞུ་མཁན། སངས་རྒྱས་དཀོན་མཆོག

དོགས་གནས་ཡོད་ཚེ་མ་ཡིག་ཏུ་གཟིགས་རོགས། https://time.com/5820613/dalai-lama-coronavirus-compassion/?fbclid=IwAR2-oMXomqC8WgzDP2JYMy-dgdC20KnbkH1mQE57n_xY9F6Y4B7QJDVdi_4

བསྐྱར་བཅོས།: ༢༠༢༠/༠༤/༡༥

Leave a Reply