༧རྒྱལ་དབང་ཀརྨ་པ་མཆོག་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀའ་སློབ།

༧རྒྱལ་དབང་ཀརྨ་པ་མཆོག་ནས་རྒྱལ་ཁབ་གཅིག་ལ་ནད་པ་གཅིག་མ་གཏོགས་མེད་ནའང་དེས་འཛམ་གླིང་ཡོངས་རྫོགས་ལ་ཉེན་ཁ་སྤྲོད་ཐུབ་པའི་གནས་སྟངས་དེ་འདྲ་ཡིན་དུས་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་གདོང་ལེན་དང་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་དྲན་གྱི་འདུག་ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་སྐུ་སྒེར་གྱི་ངོ་དེབ་ཐོག རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་དུ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་བཀའ་སློབ་ཅིག་གནང་བའི་ནང་། ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་བདུན་ཕྲག་འདིའི་གཟའ་སྤེན་པ་ནས་བཟུང་སྟེ། བདུན་ཕྲག་གཅིག་གི་རིང་ཉིན་ལྟར་ཆུ་ཚོད་གཅིག་ལ་དྲ་ཐོག་ཏུ་ཚང་མས་མཉམ་དུ་ཞལ་འདོན་བྱས་ཏེ་ཐེངས་འདིའི་རིམས་ནད་ཆེད་དུ་བསྔོ་བ་དང་སྨོན་ལམ་གསུང་འདོན་གནང་དགོས་སྐོར་གསུངས་འདུག

བརྙན་ཐུང་དེའི་ནང་༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། སྤྱིར་བཏང་ནད་རིམས་དེ་མཆེད་པ་ནས་བཟུང་ད་ལྟ་བར་དུ་འཛམ་གླིང་ཧྲིལ་བོའི་མིའི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ལྷག་པར་དུ་འབྱུང་འགྱུར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ལའང་ད་ལྟ་ཏན་ཏན་ཞིག་མེད་པས་ཚང་མར་སེམས་ཁྲལ་དང་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་རེད། སྤྱིར་བཏང་སྟོན་པ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་གསུངས་པ་ནང་བཞིན། ང་ཚོའི་མི་ཚེའི་ནང་གི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་སྐད་ཅིག་སྐད་ཅིག་ལའང་མི་སྡོད་པར་འགྱུར་བ་འགྲོ་ཡི་ཡོད་པ་རེད། ཡིན་ནའང་འགྱུར་བ་མང་པོ་ཞིག་ང་ཚོས་དང་ལེན་ཐུབ་ཀྱི་ཡོད་སྟབས། དེ་ཙམ་མངོན་གསལ་དོད་པོ་ཡོང་གི་མེད་པ་རེད། ལྷག་པར་དུ་མཚམས་མཚམས་སུ་སོ་སོའི་འདོད་ཕྱོགས་དང་མཐུན་པའི་འགྱུར་བ་བཟང་པོའམ་ཡང་ན་སོ་སོས་བསམ་ཡུལ་ལས་ལྷག་པའི་འགྱུར་བ་ཡག་པོ་བྱུང་བའི་སྐབས་སུ། ང་ཚོས་འགྱུར་བ་མང་ཙམ་ཡོང་བ་ཞིག་དང་ཤུགས་ཆེ་ཙམ་ཡོང་བའི་རེ་བ་རྒྱག་གི་ཡོད་པ་རེད། དེ་ལས་ལྡོག་ཏེ་བསམ་ཡུལ་ལས་འདས་པའི་འགྱུར་བ་ངན་པ་བྱུང་བའི་སྐབས། ང་ཚོའི་སེམས་ལ་དངངས་སྐྲག་དང་ཅི་བྱེད་འདི་བྱེད་མེད་པའི་གནས་སྟངས་དེ་འདྲའང་ཡོང་སྡོད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཐེངས་འདིར་མི་རྟག་པ་ཆེན་པོ་འདི་འདྲ་བྱུང་སྐབས། ང་ཚོས་གང་ཐུབ་ཐུབ་ཀྱིས་དངངས་སྐྲག་མི་བྱེད་པ་དང་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་ཨེ་ཐུབ་ལ་ལྟ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དཔེར་ན་ང་ཚོས་ནམ་རྒྱུན་ཡིན་ཤག་ཤག་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཞིག་དངོས་གནས་བྱས་ན་རིན་ཐང་ཆེན་པོ་ཡིན་པ་ཞིག་དང་། ལྷག་པར་དུ་ནམ་རྒྱུན་ང་ཚོ་ལ་བདེ་ཐང་གི་གཟུགས་པོ་དང་སྙིང་ཉེ་བའི་དགའ་ས་ཡོད་པ་དེ་ཚོ་ཚང་མ་སྐྱིད་ཆེན་པོ་ཞིག་ཡིན་པའི་སྐོར་ལ་སོགས་པ། དེ་ཚོ་ཚང་མར་བསམ་བློ་ལྷོད་ལྷོད་བཏང་སྟེ་ང་ཚོའི་རྐྱེན་ངན་ལ་བརྟེན་ནས་སོ་སོ་ཡར་རྒྱས་ཡོང་བ་དང་། དེ་བཞིན་སློབ་གསོ་གསར་པ་ཐེབས་པའི་འབད་བརྩོན་བྱས་པ་ཡིན་ན་ང་ཚོ་ལ་ཕན་ཐོགས་ཆེན་པོ་འབྱུང་གི་རེད་དྲན་གྱི་འདུག ཅེས་གསུངས་འདུག

ཡང་ཁོང་གིས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ནད་རིམས་དེ་ལ་གདོང་ལེན་བྱེད་དགོས་སྐོར་ལ་བརྙན་ཐུང་དེའི་ནང་། ཐེངས་འདིའི་ནད་རིམས་དེས་ཕོ་མོའི་དབྱེ་བ་དང་མི་རིགས་ཀྱི་དབྱེ་བ། དེ་བཞིན་རྒྱུ་ནོར་དང་དབང་ཆ་ཡོད་མེད་ཀྱི་དབྱེ་བ་འབྱེད་ཀྱི་མེད་པ་རེད། དཔེར་ན་ཨ་རི་དང་ཨེ་ཊ་ལི། སི་པན་ལ་སོགས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་མང་པོས་ཀྱང་ནད་རིམས་འདིར་གདོང་ལེན་བྱེད་པར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད། དེ་བཞིན་ཡར་རྒྱས་འགྲོ་བཞིན་པ་དང་དཔལ་འབྱོར་གྱི་ཡར་རྒྱས་ཞན་པའི་རྒྱལ་ཁབ་མང་པོ་ཞིག་ལ་དེ་བས་ཀྱང་དཀའ་ངལ་ཆེ་བ་འཕྲད་པ་ཆགས་བསྡད་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་གཅིག་ལ་ནད་པ་གཅིག་མ་གཏོགས་མེད་ནའང་དེས་འཛམ་གླིང་ཡོངས་རྫོགས་ལ་ཉེན་ཁ་སྤྲོད་ཐུབ་པའི་གནས་སྟངས་དེ་འདྲ་ཡིན་དུས། ང་ཚོ་འཛམ་གླིང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་གདོང་ལེན་དང་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་དྲན་གྱི་འདུག ཅེས་གསུངས་འདུག

ཡང་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་བློས་གཏོང་ལ་བསྔགས་བརྗོད་རྗེས་སུ་ཡི་རངས་གནང་དགོས་སྐོར་ལ་ཁོང་གིས། ང་ཚོས་ཉིན་རྟག་ཏུ་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་འཕར་གྱི་ཡོད་པ་ཞིག་དང་། ལྷག་པར་དེའི་ནང་ནས་འདས་གྲོངས་སུ་སོང་བའི་གྲངས་ཀ་དེ་བརྒྱ་དང་སྟོང་མང་པོ་མཐོང་ཡོང་དུས་རིམ་པས་ང་ཚོར་ཚོར་བ་མེད་པ་ལྟ་བུ་ཞིག་ཆགས་སྡོད་ཀྱི་ཡོད་པ་རེད། དངོས་གནས་བྱས་པ་ཡིན་ན་དེ་ཚོ་ཚང་མ་དམར་ལྷང་ལྷང་གི་ཚེ་སྲོག་ཡོད་མཁན་རྐྱང་རྐྱང་ཆགས་བསྡད་ཡོད་པ་རེད། དེ་བས་ང་ཚོས་གོ་སྐབས་འདི་དང་བསྟུན་ཏེ་ནད་པ་དེ་ཚོར་ལྟ་རྟོག་བྱེད་མཁན་གྱི་སྨན་པ་ཚོ་དང་སྨན་ཞབས་པ་ལ་སོགས་ཚང་མས་བློ་གཏོང་ཆེན་པོའི་ཐོག་ནས་གཡུལ་ས་ལ་འཐབ་རྩོད་བྱེད་ཀྱི་ཡོད་སྟབས། དེ་ཚོ་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བསྔགས་བརྗོད་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་བས་ངའི་སེམས་པའི་མཚོན་བྱེད་ཟེར་ན་འདྲ་འདུག གང་ལྟར་ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་ཐེངས་འདིའི་རིམས་ནད་འདི་ལ་རྒྱབ་སྐྱོར་མཚོན་བྱེད་དུ་བདུན་ཕྲག་འདིའི་གཟའ་སྤེན་པ་ནས་བཟུང་སྟེ་བདུན་ཕྲག་གཅིག་གི་རིང་ཉིན་ལྟར་ཆུ་ཚོད་གཅིག་གི་རིང་དྲ་ཐོག་ཏུ་ཚང་མས་མཉམ་དུ་ཞལ་འདོན་བྱས་ཏེ་ཐེངས་འདིའི་རིམས་ནད་ཆེད་དུ་བསྔོ་བ་དང་སྨོན་འདུན་བྱ་རྒྱུ་དེ་ལྟར་ཡིན། རྗེས་ལ་དུས་ཚོད་ཁྱབ་བསྒྲགས་ཡོང་གི་རེད། དེ་བས་ཚང་མས་དེ་ལྟར་ང་ཚོ་ཚང་མས་མཉམ་དུ་འཛམ་གླིང་བདེ་བ་ཡོང་བ་དང་ནད་རིམས་མྱུར་དུ་ཞི་བའི་ཆེད་དུ་ཚང་མས་མཐུན་འགྱུར་སྨོན་ལམ་གནང་རོགས་ཞུ་ཡ་ཡིན། ཞེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༡༥

Leave a Reply