ལྷོ་ཀོ་རིའི་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད།

ལྷོ་ཀོ་རི་ཡའི་གཞུང་འཛིན་དམངས་གཙོ་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་བསྐྱར་དུ་རྒྱལ་ཁ་ཆེན་པོ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲི་མཛད་འདུགདེ་རིང་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་ཁྲོད། ལྷོ་ཀོ་རི་ཡའི་ད་ལྟའི་གཞུང་འཛིན་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། ད་ལྟའི་སྲིད་ལས་ཐོག་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མཱོན་ཇ་ཨིན་(Moon Jae-in)ལགས་སུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་འདུག

གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  སྐུ་ཉིད་ཀྱིས་ལྷོ་བྱང་ཀོ་རི་ཡའི་གླིང་ཕྲན་ལ་རྟག་བརྟན་གྱི་ཞི་གནས་ཡོང་བར་འབད་བརྩོན་རྒྱུན་སྐྱོང་གནང་བར་ངོས་ཀྱིས་སེམས་གཏིང་ནས་ཡི་རངས་བྱེད་ཀྱི་ཡོད་ལ། སྐུ་ཉིད་ཀྱིས་མ་འོངས་པར་མུ་མཐུད་ཀོ་རི་ཡའི་མི་མང་གི་མངོན་འདོད་སྒྲུབ་ཐུབ་པར་ཡིད་ཆེས་ཡོད། འདས་པའི་ཟླ་ཤས་ནང་འཛམ་གླིང་ཡོངས་ཀྱིས་སྔོན་ཆད་བྱུང་མ་མྱོང་བའི་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་བཞིན་ཡོད་པ་དང་། ངོས་ཀྱིས་གོ་སྐབས་འདི་བརྒྱུད་སྐུ་ཉིད་ཀྱི་མགོ་འཁྲིད་འོག་ལྷོ་ཀོ་རི་ཡའི་ནང་ཏོག་དབྱིབས་རིམས་ནད་མངོན་འགོག་ལ་དགོས་ངེས་ཀྱི་ལས་དོན་བསྒྲུབས་པར་ཡི་རངས་བསྔགས་བརྗོད་བྱེད་བཞིན་ཡོད་ལ། སྐུ་ཉིད་ཀྱིས་གཞན་དག་ལ་གལ་ཆེ་བའི་མིག་དཔེ་ཞིག་བསྟན་ཡོད་པ་རེད། ཅེས་གསུངས་འདུག

༧གོང་ས་མཆོག་གིས། སྐུ་ཉིད་ཀྱིས་མཁྱེན་རྟོགས་ཡོད་སྲིད་མོད། ང་ཚོ་བོད་པའི་ཁྲོད་ཀོ་རི་ཡའི་མི་སེར་མང་པོ་ཞིག་གྲོགས་པོར་བརྩི་ཡི་ཡོད་པ་དང་། སྲོལ་རྒྱུན་གྱི་ངོས་ནས་ཀོ་རི་ཡ་ནི་ནང་པ་འབོར་ཆེན་ཡོད་པའི་ལུང་པ་ཞིག་ཡིན་པ་དང་། འདས་པའི་ལོ་ཤས་ནང་ཀོ་རི་ཡ་ནས་ཡོང་བའི་ནང་པ་ཚོས་རྒྱ་གར་གྱི་བོད་པའི་ལྟེ་གནས་ཁག་ཏུ་སློབ་གཉེར་བྱེད་པར་དང་དོད་ཆེན་པོ་དང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། གང་ལྟར། ངོས་རང་རྒྱུན་དུ་རྒྱ་གར་ནང་གནས་མཇལ་དང་ལྟ་སྐོར་དུ་ཡོང་བའི་ཀོ་རི་ཡའི་ནང་པའི་སྤུན་མཆེད་ཚོར་ཐུག་འཕྲད་བྱེད་བཞིན་ཡོད། ཅེས་གསུངས་འདུགམཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་འཛིན་གྱི་དུས་ཡུན་རིང་དཀའ་ངལ་ག་རེ་འཕྲད་ཀྱང་གདོང་ལེན་དང་། ལྷོ་ཀོ་རི་ཡའི་མི་མང་གི་རེ་འདོད་ཆེད་ལས་དོན་གང་བསྒྲུབས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་གནང་བཞིན་ཡོད། ཅེས་གསུངས་འདུག

ལྷོ་ཀོ་རི་ཡའི་གྲོས་ཚོགས་འོས་བསྡུ་དེ་ཁ་སང་ཕྱི་ཚེས་ ༡༥ ཉིན་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་དཀའ་ངལ་འཕྲད་བཞིན་པའི་བར་སྐབས་སུ་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་དེ་ལྷོ་ཀོ་ར་ཡའི་དམངས་གཙོ་ཚོགས་པ་དང་། རྙིང་ཞེན་ལྟ་བ་འཛིན་མཁན་རང་དབང་ཚོགས་པ། སྤྱི་ཚོགས་རིང་ལུགས་པའི་ལྟ་བ་འཛིན་མཁན་མི་མང་ཚོགས་པ་བཅས་ཀྱི་བར་ལ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་ཁྲོད་གྲོས་ཚོགས་ཀྱི་ཞབས་བཀྱག་ ༣༠༠ ལས་དམངས་གཙོ་ཚོགས་པར་ཞབས་བཀྱག་ ༡༨༠ ཐོབ་སྟེ་རྒྱལ་ཁ་ཆེན་པོ་བླངས་ཡོད་འདུག  ད་ལྟའི་ཆར་འཛམ་གི་ཡུལ་ཕྱོགས་མང་པོའི་ནང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱལ་ཁབ་མང་པོས་གཞུང་དོན་ལས་ཀ་མང་པོ་ཞིག་སྒོ་བརྒྱབ་པ་དང་།  རྒྱལ་ཡོངས་འོས་བསྡུ་རིགས་ཕྱིར་འགྱངས་སོགས་བྱེད་བཞིན་ཡོད་ཀྱང་། ལྷོ་ཀོ་རི་ཡའི་ནང་འདི་ལོའི་ཕྱི་ཟླ་ ༢ ནང་ཏོག་དབྱིབས་རིམས་ནད་ཤུགས་ཆེན་ཁྱབ་ཡོད་ཀྱང་། ལྷོ་ཀོ་རི་ཡ་གཞུང་གིས་སྔོན་འགོག་དང་སྟངས་འཛིན་ཤུགས་ཆེན་བྱས་པར་བརྟེན་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་མ་ཟད། ད་ལྟའི་ཆར་ཕྱོགས་ཡོངས་ནས་རྒྱ་ཁྱབ་ཏུ་འགྲོ་བའི་གནས་སྟངས་བཀག་ཐུབ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༦

Leave a Reply