བལ་ཡུལ་ནང་ཁུང་ཙི་སློབ་གླིང་འཛུགས་འཆར་འདུག

རྒྱ་ནག་གཞུང་གིས་བལ་ཡུལ་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་བཙུགས་ནས་བལ་ཡུལ་གྱི་ཡུལ་མི་ཚོར་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་རིག་གནས་སྔར་ལྷག་སྤེལ་འཆར་ཡོད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོ་ནས་བཟུང་མཚོ་སྔོན་མི་རིགས་སློབ་ཆེན་དང་རྒྱ་ནག་ཏུང་ཧྭ་རིག་ཚན་སློབ་ཆེན་གཉིས་མཉམ་འབྲེལ་གྱིས། བལ་ཡུལ་གྱི་མཐོ་སློབ་ཞིག་གི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཟེར་བ་འཛུགས་འཆར་ཡོད་པ་དང་། དེ་ནི་མཚོ་སྔོན་གྱིས་དུས་རབས་གསར་པའི་ཁུལ་གཅིག་ལམ་གཅིག་འཛུགས་སྐྲུན་དང་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་གལ་ཆེན་ཞིག་ཡིན་སྐོར་བསྒྲགས།

གནད་དོན་དེའི་ཐད་རྒྱ་ནག་ཁུང་ཙི་སློབ་གླིང་གི་འགན་འཛིན་ལུའུ་ཡན་ཏུང་གིས་བལ་ཡུལ་ནང་ཁུང་ཙི་སློབ་གླིང་འཛུགས་རྒྱུར་བལ་ཡུལ་ཕྱོགས་ནས་མོས་མཐུན་བྱུང་ཡོད་པ་དང་། སློབ་གླིང་དེ་ལོ་འདིའི་ནང་འཛུགས་སྐྲུན་ཚར་བ་བྱས་ཏེ་སློབ་གྲྭ་ཚོགས་ཐུབ་པ་བྱ་རྒྱུ་ཡིན་པ་དང་།  ཁུང་ཙི་སློབ་གླིང་དེས་བལ་ཡུལ་གྱི་ཡུལ་མི་ཚོར་རྒྱའི་སྐད་ཡིག་སློབ་ཁྲིད་དང་། རྒྱའི་སྐད་ཡིག་གི་དགེ་རྒན་གསོ་སྐྱོང་། རྒྱའི་སྐད་ཡིག་དགེ་རྒན་གྱི་ཐོབ་ཐང་ཁས་ལེན་སོགས་ཀྱི་ལས་སྒོ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་ལུའུ་ཡན་ཏུང་གིས། ཁུང་ཙི་སློབ་གླིང་ནི་རྒྱ་ནག་གི་ཕྱི་ཕྱོགས་འབྲེལ་འདྲེས་ཀྱི་ཟམ་པ་གལ་ཆེན་ཞིག་དང་། རྒྱ་ནག་གིས་ཕྱིའི་སྤྱི་ཚོགས་དང་རིག་གནས་བརྗེ་རེས་ཀྱི་སྒེའུ་ཁུང་། རྒྱ་ཡིག་གི་རྒྱལ་སྤྱིའི་སློབ་གསོ་སྤེལ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པས།  བལ་ཡུལ་གྱི་ཁུང་ཙི་སློབ་གླིང་གིས་རྒྱ་ནག་དང་ལྷག་པར་དུ་མཚོ་སྔོན་གྱི་སློབ་གསོ་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཆབ་སྲིད་ལས་དོན་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་འདུགཁུང་ཙི་སློབ་གླིང་ཟེར་བ་ནི་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ནང་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁྱབ་སྤེལ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱ་བསྐྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༢ ཀྱི་མཐོ་སློབ་ཁག་ནང་ཁུང་ཙི་སློབ་གླིང་ཟེར་བ་ ༥༥༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་། ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༡ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་དབུས་རྒྱ་སྐད་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་ལྟེ་གནས་ཁང་གི་ཁོངས་སུ་ཁུང་ཙི་སློབ་གླིང་སྤྱི་གཉེར་ཁང་ཟེར་བ་དེ་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཐེངས་དང་པོ་ཕྱི་ལོ་ ༢༠༠༤ ལོར་ཨ་རིའི་མཱ་རི་ལན་ཌི་གཙུག་ལག་སློབ་ཆེན་(University of Maryland)ནང་ཁུང་ཙི་སློབ་གླིང་ཟེར་བ་དེ་བཙུགས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་སློབ་གླིང་དེ་སྒོ་བརྒྱབ་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་པ་དང་། རྒྱ་ནག་ལ་ལྟ་བ་ཞེས་པའི་རྒྱ་ཡིག་དྲ་བའི་དཔྱད་ཞིབ་ལྟར་ན། ཨ་རིའི་ནང་ཁྱོན་ཁུང་ཙི་སློབ་གླིང་ཟེར་བ་ ༡༡༠ ཙམ་ཡོད་པའི་ཁྲོད་ནས། འདས་པའི་ལོ་གཉིས་ནང་སློབ་གླིང་ ༢༠ ཙམ་སྒོ་བརྒྱབ་ཡོད་པར་བཤད།རྒྱ་ནག་གཞུང་གིས་ཁུང་ཙི་སློབ་གླིང་བརྒྱུད་རྒྱལ་ཁབ་ཁག་གི་ཆབ་སྲིད་ཁྲོད་སིམ་འཛུལ་དང་། དཔོན་རིགས་ཚོར་དངུལ་གྱིས་བསླུ་ཐབས་སྣ་ཚོགས་བྱེད་པ་དང་། ཁུང་ཙི་སློབ་གླིང་གི་མཐོ་སློབ་ཁག་ནང་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་སྤེལ་ཐབས་སོགས་བྱས་པས། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་མང་པོ་ཞིག་སྒོ་བརྒྱབ་པ་དང་མཉམ་འབྲེལ་བྱེད་མཚམས་འཇོག་པ་སོགས་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཨ་རི་དང་དབྱིན་ཡུལ། ཡུ་རོབ་སོགས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཟེར་བའི་ཆབ་སྲིད་ཀྱི་གཡོ་བྱས་ཐད་བསྟུན་མར་སྐྱོན་བརྗོད་ཡོང་གི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply