བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་འོས་བསྡུའི་དྲིལ་བསྒྲགས་ནང་ཞུགས་མི་ཆོག་པའི་བཀའ་ཁྱབ་བཏང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཀྱིས་སྲིད་སྤྱི་འོས་བསྡུ་ཆེན་མོའི་དྲིལ་བསྒྲགས་ནང་ཆ་ཤས་བླངས་ཏེ་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་འོས་མི་བརྒྱུད་བསྒྲགས་རིགས་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་།

ཁ་སང་ཕྱི་ཚེས་ ༡༦ ཉིན་བཀའ་དྲུང་ཡིག་ཚང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་བོད་མིའི་སྤྱི་ཚོགས་ཁྲོད་གླེང་སློང་ཡོང་བཞིན་པ་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་སྒེར་གྱི་ངོ་དེབ་ནང་སྲིད་སྐྱོང་འོས་གཞི་བརྒྱུད་བསྒྲགས་བྱས་པ་སོགས་སྲི་ཞུ་བའི་བླང་དོར་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་རིགས་མི་སྤེལ་བའི་བཀའ་ཁྱབ་བཏང་གནང་འདུག

དེ་ཡང་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམས་ལ་བཏང་བའི་བཀའ་ཡིག་ནང་། བར་ལམ་སྤྱི་ཚོགས་དྲྭ་ལམ་ཁག་གི་ནང་འབྱུང་འགྱུར་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་སྐོར་གླེང་མོལ་མི་ཉུང་བ་ཞིག་ཡོང་མུས་དང་། ལྷག་པར་སྲིད་སྐྱོང་འོས་མིའི་སྐོར་དངོས་སུ་བརྒྱུད་བསྒྲགས་ཡོང་བཞིན་པའི་མུར། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་ནང་གནས་ལུགས་གསལ་སྟོན་ཡོད་བཞིན་དུ་སྣང་མེད་བསྐྱུར་འཇོག་ལྟ་བུས་རང་རེའི་སྲི་ཞུ་བའི་ཁོངས་ནས་རང་ཉིད་ཀྱི་ངོ་དེབ་ནང་སྲིད་སྐྱོང་འོས་གཞི་བརྒྱུད་བསྒྲགས་བྱས་ཐལ་རིགས་ཡོང་བཞིན་འདུག་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ནང་གསེས་ཏ། ད། པ། ཚ། ཝ་དང་འགལ་འཛོལ་ཙམ་དུ་མ་ཟད། སྲི་ཞུ་བའི་གཞི་རིམ་ལྟ་གྲུབ་དང་སྒྲིག་འཁུར་འཐུས་གཙང་མ་བྱུང་བའི་སྐྱོན་གནད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཚན་མཐོང་ལའང་གནོན་གཞིའི་རྐྱེན་རྩ་ཞིག་ཏུ་མངོན་ན། སྒྲིག་འགལ་འདི་རིགས་དབུས་སའི་ལས་བྱེད་ཡོངས་ནས་མི་གནང་བའི་ཡིད་གཟབ་དམ་དོན་དགོས། ཞེས་གསུངས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ ༨ པའི་ནང་གསེས་ཏ་པའི་ནང་། སྲིད་དོན་ཚོགས་པའམ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྐྱིད་སྡུག་གང་དུའང་ཞུགས་པ་དང་། ལས་དོན་སྐོར་འབྲེལ་བ། ཡང་ན་དཔལ་འབྱོར་གྱི་མཐུན་རྐྱེན་བསྡུ་སྤྲོད། ལས་འགུལ་འདྲ་མིན་གང་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་བྱེད་མི་ཆོག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་དྲུག་པ་ནང་གསལ་གྱི་རང་སྐྱོང་སྡེ་ཚན་ཁག་གི་གོ་གནས་རྗེས་འབྲེལ་ལམ། བོད་མིའི་སྒྲིག་འཛུགས་ཀྱིས་བསྐོ་འཛུགས་བྱས་པའི་ཚོགས་མི་རྣམས་དོན་ཚན་འདིའི་ཁོངས་སུ་མི་གཏོགས། ཞེས་དང་། ཡང་ནང་གསེས་དོན་ཚན་ད་པའི་ནང་། སྤྱི་འཐུས་དང་། གནད་ཡོད་མི་སྣ་འོས་འདེམས་བྱེད་སྐབས་རང་གི་འོས་འཕེན་གྱི་ཐོབ་ཐང་ལེན་རྒྱུ་ལས་གཞན་ལ་དབང་ཚད་ནུས་ཤུགས་བེད་སྤྱོད་དམ། སྐུལ་སློང་བརྡ་སྟོན། འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་པ་ལྟ་བུའི་ཐེ་བྱུས་རིགས་གང་ཡང་བྱེད་མི་ཆོག ཅེས་དང་། ཡང་ནང་གསེས་དོན་ཚན་པའི་ནང་། དབང་ལྡན་འགན་འཛིན་གྱི་བཀའ་འཁྲོལ་མེད་པར་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཁག་གསར་ཤོག་དང་། བརྙན་འཕྲིན། རླུང་འཕྲིན། དྲྭ་རྒྱ་ལྟ་བུའི་བརྒྱུད་ལམ་ཁག་གི་ཐོག་སྨྲ་བརྗོད་དང་། འབྲི་རྩོམ་བྱེད་མི་ཆོག ཅེས་དང་། དེ་བཞིན་དོན་ཚན་ཚ་དང་ཝ་སོ་སོའི་ནང་། རང་དོན་སྒྲུབ་སླད་གོང་རིམ་ལ་ཕྱི་ནང་གི་གནོན་ཤུགས་དང་འགོ་འདྲེན་འཚོལ་མི་ཆོག ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་སྐབས་ལྷག་བསམ་རྣམ་དག་དགོས་པ་ལས། རང་གི་ཁེ་ཕན་རྗེས་འབྲེལ་གྱི་ལས་དོན་བྱེད་མི་ཆོག ཅེས་བཀོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply