དབྱར་རྩྭའི་མ་རྩ་བརྡིབ་ཉེན་ལ་སེམས་ཁྲལ་བྱེད་ཀྱི་འདུག

 རྒྱ་ནག་གཞུང་གིས་འདི་ལོར་དབྱར་རྩྭ་བརྐོ་བར་བཀག་འགོག་བྱེད་ཀྱི་མེད་ཀྱང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་བ་རྒྱུན་སྐྱོང་བྱེད་དགོས་སྐོར་བརྗོད་དེ་ལྟ་རྟོག་བྱེད་མཁན་ཡང་གཏོང་འཆར་ཡོད་འདུགད་ལྟ་བོད་ཁུལ་གྱི་ས་ཆ་མང་པོ་ན་དབྱར་རྩྭ་དགུན་འབུ་བརྐོ་བར་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ས་ཁྱོན་ཆེ་ཞིང་དབྱར་རྩྭའི་ཐོན་ཁོངས་ཕྱུག་པོ་ཡིན་པའི་ས་ཁུལ་དང་ས་བདག་སྒེར་བ་མང་པོ་ཞིག་གིས། ནད་ཡམས་ཀྱི་རྐྱེན་པས་འདི་ལོར་རྒྱ་ནག་གཞུང་ནས་དབྱར་རྩྭ་བརྐོ་རུ་འཇུག་མིན་ཐད་སེམས་ཁྲལ་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པ་ཡོངས་བསྒྲགས་བྱས་འདུག་པ་དང་། བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་གིས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་ཉོ་ཚོང་གི་བརྡ་ཐོ་འགྲེམས་སྤེལ་བྱེད་བཞིན་འདུག འོན་ཀྱང་། ད་ལོར་དབྱར་རྩྭ་དགུན་འབུའི་མ་རྩ་བརྡིབ་ཉེན་ཡོད་པའི་སེམས་ཚབས་བྱེད་བཞིན་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་དུ། ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྔོན་འགོག་ཆེད། འདི་ལོར་སྲིད་གཞུང་གི་མི་སྣའི་ལྟ་རྟོག་འོག དབྱར་རྩྭ་བརྐོ་མཁན་ཚོས་ཁ་རས་གྱོན་ཏེ་འདུ་འཛོམས་མི་བྱེད་པ་སོགས་ཀྱི་གོང་རིམ་བཀའ་ཁྱབ་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག

དཀར་མཛེས་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ལི་ཐང་རྫོང་གིས་ ༢༠༢༠ ལོའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་ལས་དོན་གྱི་ལག་བསྟར་ཇུས་གཞི་ཞེས་པའི་ཡིག་ཆ་པར་འགྲེམས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་སླད་དབྱར་རྩ་དགུན་འབུ་བརྐོ་རུ་འཇུག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུགདབྱར་རྩྭ་དགུན་འབུ་བརྐོ་བའི་བརྡ་ཐོ་ལྟར་ན། ཞིང་འབྲོག་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་རིང་། ཏོག་དབྱིབས་ནད་དུག་སྔོན་འགོག་དང་འབྲེལ་མི་མང་གིས་ངེས་པར་ཁ་རས་གྱོན་པ་དང་། འདུ་འཛོམས་བྱེད་མི་ཆོག་པ། དེ་བཞིན། ལག་པ་ཡང་ཡང་བཀྲུ་བ་བཅས་བྱེད་དགོས་པ་མ་ཟད། དབྱར་རྩྭ་བརྐོ་བའི་རིང་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་ཐད་བསྐོས་ལས་བྱེད་ཀྱིས་མི་མང་ལ་ལྟ་རྟོག་བྱ་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་ལི་ཐང་ནས་ཡིན་པའི་བོད་མི་ཁག་ཅིག་ལ་སྤྱི་ཚོགས་དྲ་ལམ་ནས་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་ནི་བོད་ཁམས་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཡག་ཤོས་ཀྱི་ས་ཁུལ་ཡིན་པ་དང་། ལོ་ལྟར་བོད་ཀྱི་ས་ཕྱོགས་གང་ས་ནས་དབྱར་རྩྭ་བརྐོ་བར་མི་མང་པོ་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་ལི་ཐང་རྫོང་ནང་ཕྱོགས་གཞན་གྱི་དབྱར་རྩྭ་བརྐོ་མཁན་ཡོང་འཇུག་གི་མེད་པ་རེད་ལ། དེ་སྔོན་ལི་ཐང་ནང་དབྱར་རྩྭ་དགུན་འབུ་བསྐོ་བར་ས་རིན་སོགས་ཆེན་པོ་སྤྲོད་དགོས་ཀྱི་མེད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་མང་པོ་རི་སྒང་དུ་འགྲེམས་འཇོག་བྱས་ཏེ། ལི་ཐང་གི་ཡུལ་མི་ཚོའི་ལག་ནས་ཉིན་རེར་རྒྱ་སྒོར་ ༥༠༠ དང་ས་ཆ་གཞན་ནས་ཡོང་མཁན་ཚོར་ཉིན་རེར་རྒྱ་སྒོར་ ༡༥༠༠ ནས་ ༢༠༠༠ ཡས་མས་ལེན་གྱི་ཡོད་པ་མ་ཟད། དབྱར་རྩྭ་དགུན་འབུ་བརྐོ་མཁན་མང་ཚོགས་ཀྱིས་སོ་སོའི་ཐོབ་ཐང་ལག་ཁྱེར་ཆ་ཚང་རྒྱ་ནག་གཞུང་ལ་སྟོན་དགོས་ཀྱི་ཡོད་འདུག

དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་ཆེ་ཤོས་ཤིག་ཡིན་པ་ལྟར། བོད་རྨ་ལྷོ་ཁུལ་སོག་རྫོང་དུ་ད་ལྟ་ནས་ས་ཕྱོགས་གཞན་ནས་དབྱར་རྩྭ་བརྐོ་མཁན་མང་པོ་ཡོང་གི་ཡོད་པ་དང་། ས་གནས་གཞུང་གིས་དབྱར་རྩྭ་བརྐོ་མཁན་རྣམས་ཉིན་གྲངས་ ༡༤ རིང་བཀག་འགོག་བྱས་ཏེ་ཏོག་དབྱིབས་ནད་དུག་ཕོག་ཡོད་མེད་བརྟག་དཔྱད་གཏོང་གི་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རེབ་གོང་གྲོང་བརྡལ་དུ་རྨ་ལྷོ་དམངས་ཕན་དབྱར་རྩྭ་ཚོང་རའི་སྒོ་འབྱེད་མཛད་སྒོ་ཚོགས་པ་དང་། འདི་གའི་གསར་འགོད་པས་ནག་ཆུ་དང་མཚོ་སྔོན། ཀན་སུའུ་ཞིང་ཆེན་སོགས་ཀྱི་བོད་མི་འགར་སྐད་ཆ་དྲིས་པ་ལྟར་ན། སྤྱིར་ད་ལྟའི་ཆར་བོད་ཀྱི་ས་ཕྱོགས་མང་ཆེ་བར་དབྱར་རྩྭ་དགུན་འབུ་སྐྱེས་མགོ་བརྩམས་ཙམ་ཡིན་པ་དང་། ད་ལྟ་ནས་དབྱར་རྩྭ་བརྐོ་བར་གྲ་སྒྲིག་ཆེན་པོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply