ཚོགས་པ་༨༢ ཀྱིས་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ།

བོད་དང་ཡུ་གུར་སོགས་ཀྱི་ཚོགས་པ་ཁག་ ༨༢ ཀྱིས་མཉམ་འབྲེལ་ཐོག་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོ་བཞག་བྱས་པ་དེ་རྩིས་མེད་བསྐྱར་ཞིབ་དགོས་པའི་ཞུ་ཡིག་ཕུལ།ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ཚོགས་པ་གཙོས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཡུ་གུར་དང་ཐའེ་ཝན། ཝི་ཐི་ནམ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ ༨༢ མཉམ་འབྲེལ་གྱི་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་དུ། རྒྱ་ནག་དེ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འཐུས་མིར་བསྐོས་པ་དེ་རྩིེས་མེད་གཏང་དགོས་པའི་འབོད་སྐུལ་ཞུས་འདུག

རེ་སྐུལ་ཞུ་ཡིག་དེའི་ནང་། རྒྱལ་ཚོགས་ནང་གི་རྒྱ་ནག་གི་གཏན་འཇགས་སྐུ་ཚབ་ཅང་ཏན་ (Jiang Duan) ཟེར་བ་དེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ ཚེས་ ༣༡ བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོ་གཞག་བྱས་པ་དེར་བློ་ཕན་ཆེན་པོ་བྱུང་། ཞེས་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་དེར་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པའམ་རྟོག་ཞིབ་པ་བསྐོ་གཞག་བྱེད་རྒྱུའི་དབང་ཚད་ཡོད་པ་དང་། རྒྱ་ནག་དེ་གྲོས་མོལ་ཚོགས་ཆུང་གི་ཨེ་ཤ་ཡ་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་འཐུས་མིར་བསྐོས་པ་དེས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་ཡུལ་དང་རྒྱབ་འགལ་དུ་གྱུར་ཡོད་སྐོར་བརྗོད་འདུག

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་དེའི་ནང་བསྐོ་གཞག་བྱུང་བ་དེས། མ་འོངས་པར་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་འདེམས་སྒྲུག་ཐད་ཤུགས་རྐྱེན་སྤྲོད་ངེས་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པའི་ལས་དོན་ལའང་དོ་ཕོག་གཏོང་ཐུབ་ཀྱི་ཡོད་སྐོར་དང་། རྒྱ་ནག་གིས་བསྟུད་མར་གོ་ལ་གཅིག་འགྱུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་སྲོལ་གཏོར་བཤིག་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ལ་བཅོས་ཐབས་བྱས་ཡོད་པས། རྒྱ་ནག་ནི་འཛམ་གླིང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་ཤོས་ཡིན་པའི་རྒྱལ་ཁབ་ཅིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག

དེ་བཞིན་ཞུ་ཡིག་ནང་། འདས་པའི་ལོ་ངོ་ ༦༠ རིང་ནས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་མྱངས་ཡོད་པ་ཟད། ད་བར་བོད་མི་ ༡༥༤ ལས་མང་བས་རང་ལུས་མེར་སྲེག་བཏང་ཏེ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་སྟབས། ད་ཐེངས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་རྒྱ་ནག་བསྐོ་གཞག་བྱུང་བ་དེས། རྒྱལ་ཚོགས་ལ་རེ་ལྟོས་བྱེད་བཞིན་པའི་བོད་མི་ཚོར་བརྡ་ལན་ངན་པ་ཞིག་སྦྱིན་སྲིད་པ་མ་ཟད། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཡུ་གུར། ལྷོ་བརྒྱུད་སོག་པོ་དང་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་སྙིང་སྟོབས་ཞུམ་པར་བྱེད་སྲིད་སྐོར་བརྗོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་ད་ལྟ་འཛམ་གླིང་དུ་འགོས་ཁྱབ་ཏུ་སོང་བའི་ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མའི་དུས་རིམ་སྐབས། གནས་ཚུལ་ངོ་མ་སྦས་གསང་དང་། དྲིལ་བསྒྲགས་ལས་འགུལ་ཤུགས་ཆེར་སྤེལ་ཏེ་རང་གི་སྣང་བརྙན་ལེགས་བཅོས་བྱེད་ཐབས་ལ་བརྩོན་བཞིན་ཡོད་སྐོར་སོགས་བརྗོད་དེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཡིད་ཆེས་སླེབ་ཆེད། མཉམ་འགྲེལ་རྒྱལ་ཚོགས་ངོས་ནས་རྒྱ་ནག་དེ་གྲོས་མོལ་ཚོགས་ཆུང་ནང་བསྐོ་གཞག་བྱས་པ་རྩིས་མེད་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་རྒྱ་ནག་གི་སྐུ་ཚབ་བསྐོས་པའི་ཐད། རྒྱལ་ཚོགས་ཀྱིས་ངེས་པར་དུ་བསྐྱར་ཞིབ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཐའེ་ཝན་གཞུང་གིས་ཀྱང་རྒྱ་ནག་གོ་གནས་དེར་འོས་འཚམ་མིན་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ནང་རྒྱ་ནག་གི་བྱེད་སྒོ་ཁག་ལ་རྟོག་ཞིབ་ནན་མོ་བྱས་ཏེ། རྒྱ་ནག་གཞུང་གིས་དབང་ཆ་ལོག་སྤྱོད་བྱེད་པར་སྔོན་འགོག་བྱེད་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས།

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply

One thought on “ཚོགས་པ་༨༢ ཀྱིས་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ།

  1. རེ་སྐུལ་ཞུ་ཡིག་དེའི་ནང་། རྒྱལ་ཚོགས་ནང་གི་རྒྱ་ནག་གི་གཏན་འཇགས་སྐུ་ཚབ་ཅང་ཏན་ (Jiang Duan) ཟེར་བ་དེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ ཚེས་ ༣༡ བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོ་གཞག་བྱས་པ་དེར་བློ་ཕན་《བློ་ཕམ་རེད་སྙམ།》ཆེན་པོ་བྱུང་།