སྐད་ཡིག་གི་བདག་དབང་སྐོར་གྱི་བསམ་འཆར་དྲ་ལམ་དུ་སྤེལ་མི་ཆོག

རྒྱ་ནག་གཞུང་གིས་སྲིད་གྲོས་ཀྱི་འཐུས་མི་དང་དགེ་རྒན་རྣམ་པས་སྐད་ཡིག་སྐོར་གྱི་བསམ་འཆར་གོང་རིམ་ལ་ཐད་ཀར་ཞུ་བ་ལས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་མི་ཆོག་པའི་བཀའ་རྒྱ་གཏོང་བཞིན་ཡོད་འདུགདེ་རིང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉེ་སྔོན་རྔ་བ་ཁུལ་དུ་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན། སློབ་གྲྭ་ཆུང་འབྲིང་ཁག་ནང་རྒྱ་ཡིག་ཆེད་དམིགས་སློབ་འཁྲིད་ལག་བསྟར་བྱ་འཆར་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། རྔ་བ་ཕྱོགས་ཀྱི་བོད་རིགས་དགེ་རྒན་དང་རྩོམ་པ་པོ། མི་མང་འཐུས་མི་སོགས་ཀྱིས་གནད་དོན་དེའི་སྐོར་ལ་མི་འཐད་པའི་བསམ་ཚུལ་དང་རྩོམ་ཡིག གཏམ་བཤད་སོགས་བརྒྱ་ཕྲག་མང་པོ་ཡོང་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་དང་རྩོམ་ཡིག་དེ་དག་ལ་ཉན་འཇོག་བྱས་པའི་གནས་ཚུལ་གོ་ཐོས་མེད་ཀྱང་། བསམ་ཚུལ་རིགས་དྲ་ལམ་ཁག་ཏུ་གང་བྱུང་སྤེལ་མི་ཆོག་སྐོར་དང་མི་མང་འཐུས་མི་ཚོས་བསམ་ཚུལ་རིགས་གང་བྱུང་བཤད་མི་ཉན་པ་སོགས་ཀྱི་བཀའ་རྒྱ་གཏོང་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། ད་ལྟའི་ཆར་མང་པོ་ཞིག་གིས་བོད་སྐད་ཡིག་སློབ་འཁྲིད་ལ་འགྱུར་བ་གཏོང་མི་ཆོག་པའི་ཐད་ནས་བསམ་འཆར་ཤུགས་ཆེན་ཡོང་གི་ཡོད་ན་ཡང་། གོང་རིམ་ནས་ད་དུང་ཉན་འཇོག་ལྟ་བུ་གང་ཡང་མེད་པ་མ་ཟད། བསམ་འཆར་དང་རྩོམ་ཡིག་ཤུགས་ཆེར་ཁྱབ་སྤེལ་བྱེད་བཞིན་པ་མང་པོ་ཞིག་དྲ་ལམ་ནས་ནག་གསུབ་དང་། དགེ་རྒན་དང་སྲིད་གྲོས་འཐུས་མི་སོགས་ལ་བསམ་འཆར་དང་རྩོམ་ཡིག་རིགས་སྤྱི་ཚོགས་དྲ་ལམ་དུ་གང་བྱུང་སྤེལ་མི་ཆོག་སྐོར་བརྗོད་བཞིན་ཡོད་པ་དང་།  མ་འོངས་པར་སྐད་ཡིག་ཐོབ་ཐང་བཤད་མཁན་ཚོར་རྒྱལ་ཁབ་ཀྱི་ཁྲིམས་གང་ཞིག་དང་འགལ་ཡོད་པར་བརྗོད་ནས་བརྡུང་བརྡེག་མི་གཏོང་བའི་ངེས་པ་མི་འདུག ཅེས་བརྗོད་བྱུང་།

ཡང་རྔ་བ་ཁྱུང་མཆུ་རྫོང་སྲིད་གྲོས་ཀྱི་འཐུས་མི་ཡིན་པ་དྲ་མིང་ལ་དུས་ཀྱི་འོད་སྣང་ཞེས་པ་ཞིག་གིས་སྐད་འཕྲིན་སྟེང་། ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཁྱུང་མཆུ་རྫོང་སྲིད་གྲོས་ཀྱི་ཚོགས་འདུའི་སྟེང་བོད་སྐད་ཡིག་སློབ་འཁྲིད་འགྱུར་བཅོས་སྐོར་ནས་གོང་རིམ་ལ་རེ་ཞུ་མི་བྱ་ཐབས་མེད་ཅེས་པའི་བརྗོད་གཞི་དང་འབྲེལ་ཏེ། རྔ་བ་ཁུལ་གྱི་བོད་སྐད་ཡིག་སློབ་འཁྲིད་བཅོས་བསྒྱུར་གྱི་ཐབས་ལམ་ལ་མོས་མཐུན་མེད་པའི་གཏམ་བཤད་སྤེལ་བ་ཡིན་ལ། ཁོ་དང་མཉམ་དུ་སྲིད་གྲོས་ཀྱི་འཐུས་མི་ཡིན་པའི་དགེ་རྒན་དང་སྨན་པ་མང་པོས་བསམ་ཚུལ་དང་རེ་ཞུ་ཞུས་སོང་ན་ཡང་། ཚོགས་འདུའི་སྟེང་བསམ་ཚུལ་དང་རེ་ཞུ་སོགས་ཐད་ཀར་གོང་རིམ་མགོ་འཁྲིད་ལ་ཞུ་བ་ལས། དྲ་ལམ་དང་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱེད་མི་ཆོག་པའི་བཀའ་བསྒྲགས་སོང་། ཞེས་བརྗོད་འདུག

རྔ་བ་ཁུལ་གྱི་བོད་ཡིག་སློབ་འཁྲིད་འགྱུར་བཅོས་གཏོང་དགོས་སྐོར་བརྗོད་པ་ནས་ཁུལ་དེའི་བོད་རིགས་དགེ་རྒན་དང་སློབ་མ། རྩོམ་པ་པོ། སྲིད་གྲོས་འཐུས་མི། ཁྱིམ་བདག་དང་ས་གནས་མི་མང་སོགས་ཀྱིས་མོས་མཐུན་མེད་པའི་བསམ་འཆར་ཤུགས་ཆེན་ཡོང་གི་ཡོད་པ་དང་། དེ་དག་མང་ཆེ་བས་བོད་སྐད་ཡིག་སློབ་འཁྲིད་ལ་འགྱུར་བ་བཏང་བ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས། རྔ་བ་ཁུལ་བོད་སྐད་ཡིག་བཅའ་ཁྲིམས། མི་རིགས་སྐད་ཡིག་བདག་དབང། སྐད་ཡིག་སློབ་གསོའི་གལ་ཆེའི་རང་བཞིན་སོགས་ཀྱི་ངོས་ནས་འཐབ་རྩོད་དང་བསམ་འཆར་བཤད་བཞིན་ཡོད་པ་དང་། རྩོམ་ཡིག་དང་བསམ་འཆར་བརྒྱ་ཕྲག་བསླེབས་པའི་ཁྲོད་ཚང་མས་འགྱུར་བཅོས་གཏོང་བར་མོས་མཐུན་བྱེད་ཀྱི་མེད་འདུག

ཁྱུང་མཆུ་རྫོང་ནས་ཡིན་པའི་རྩོམ་པ་པོ་དང་དགེ་རྒན་ཟུར་གསུམ་མས་ཁྱིམ་བདག་རྣམ་པ་ཚོར་བསམ་ཚུལ་ཞིག་ཞུས་པ་ཞེས་པའི་རྩོམ་ཡིག་ནང་། ཁྱུང་མཆུ་རྫོང་གི་རྒྱ་ཡིག་སློབ་འབྲིང་ནང་ན་རྒྱ་ཡིག་གཙོ་བོ་བྱས་པའི་སློབ་མ་མང་པོ་ཞིག་ཡོད། སློབ་མ་དེ་ཚོའི་རྒྱ་ཡིག་གི་ཆུ་ཚད་ནི།  ང་ཚོ་འབྲོག་པའི་སློབ་མ་ལས་བཟང་ཡིན་ངེས་རེད། ཡིན་ནའང་། སློབ་གྲྭ་ཆེན་མོ་ལ་རྒྱུགས་འཕྲོད་མཁན་གཅིག་ཀྱང་མི་འདུག བོད་ཡིག་སློབ་འབྲིང་གི་ལོ་རེར་སློབ་མ་དྲུག་ཅུ་བདུན་ཅུ་ཞིག་གིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཀྱི་ཡོད་པ་དང་། དེ་ནི་ཕ་སྐད་གཙོ་བོ་ཡིན་པས་ཡིན་སྐོར་དང་། ཡང་རྩོམ་པ་པོ་མཛོད་དགེ་མཐའ་སྒྲོལ་གྱིས་བྱིས་པ་ཞིག་ཨ་མའི་མངལ་དུ་ཆགས་ནས། མཐོ་འབྲིང་སློབ་མཐར་མ་ཕྱིན་བར་ཕ་སྐད་སློབ་གསོ་གཙོ་བོར་འཛིན་དགོས་པ། སློབ་གསོ་རིག་པའི་ནང་གི་རྩོད་གཞི་མེད་པའི་རིག་པ་ཞིག་ཡིན་པ་དང་། རང་གི་ཕ་སྐད་ཀྱི་ཁོར་ཡུག་ནས་ལག་ཆགས་པའི་བྱིས་པ་ཞིག་ལ་མཚོན་ན། ཕ་སྐད་ཀྱི་སློབ་གསོ་མྱོང་བ་ནི། མི་ལ་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་ཞིག་ཡིན་པས། སུ་ཞིག་ལ་ཡང་བྱིས་པར་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་དང་། བདེ་སྐྱིད་དེ་མེད་པར་བཟོ་བའི་དབང་ཆ་མེད་སྐོར་སོགས་བྲིས་འདུག

ད་ལྟའི་བར་རྩོམ་ཡིག་དང་བསམ་འཆར་བྲིས་པ་ཁག་གིས་རང་མིང་དང་དངོས་པར་སོགས་བཀོད་དེ། སྐད་ཡིག་ཐོབ་ཐང་གི་ཆེད་དུ་ནམ་ཡང་ཕྱི་ནུར་བྱེད་རྒྱུ་མིན་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་དབང་ཡོད་པ་སོགས་དམར་དམར་རྗེན་རྗེན་དུ་བཤད་བཞིན་པ་མ་ཟད། ཉེ་སྔོན་བོད་སྐད་ཡིག་སློབ་འཁྲིད་དགོས་མིན་གྱི་དྲ་ལམ་བསམ་འཆར་འོས་བསྡུ་ཤིག་སྤེལ་བཞིན་པར། ད་ལྟའི་ཆར་མི་གྲངས་ཁྲི་ ༣  ལྷག་གིས་བོད་སྐད་ཡིག་སློབ་འཁྲིད་དགོས་པའི་འོས་བླུགས་ཏེ།ཕན་ཚུན་བརྒྱུད་སྐུར་ཤུགས་ཆེན་བྱེད་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply