ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱེད་ཀྱི་ཡོད་ཟེར།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དངོས་ལ་རྩོད་པ་ཡོང་བཞིན་ཡོད་པའི་སྐབས་འདིར་ཨ་རིའི་གསང་བའི་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༡༦ ཉིན་སི་ཨན་ཨན་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ནི་ཕྲ་འབུ་བརྟག་དཔྱད་ཁང་ཞིག་ནས་ཕྱིར་ཤོར་བ་ཡིན་སྲིད་སྐོར་ལ། ཨ་རིའི་གསང་བའི་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱིས་ཆེད་དུ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག

གནས་ཚུལ་དེར་རྒྱུས་མངའ་ཡོད་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཞིག་གིས་སི་ཨན་ཨན་གསར་ཁང་ལ་བརྗོད་ཡོད་པ་ལྟར་ན། ཨ་རིའི་གཞུང་གིས་ཏོག་དབྱིབས་ནད་དུག་དེ་ནི་རྒྱ་ནག་གི་ཝུ་ཧན་གྱི་ཕྲ་འབུ་བརྟག་དཔྱད་ཁང་ཞིག་གི་ནང་སྟངས་འཛིན་མི་ལེགས་པ་སོགས་རྐྱེན་བྱས་ཏེ་མི་ལ་འགོས་པ་དང་། རིམ་གྱིས་མི་ཚོགས་ཁྲོད་ཤོར་བ་ཡིན་སྲིད་པས། ནད་དུག་གི་འབྱུང་ཁུངས་དངོས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གཞུང་གིས་ནད་དུག་དེ་ནི་རྒྱ་ནག་གི་སྐྱེས་དངོས་མཚོན་ཆ་ཞིབ་འཇུག་དང་འབྲེལ་བ་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ད་སྔ་བར་ལག་སོན་བྱུང་བའི་རྒྱུ་ཆ་ཁག་ལས་ནད་དུག་དེ་ནི་མིས་བཟོས་པ་ཞིག་ཡིན་པ་མངོན་གྱི་མེད་པ། དེ་བཞིན་ཨ་རིའི་གཞུང་གིས་ནད་དུག་དེའི་འབྱུང་ཁུངས་གཞན་ཡོད་སྲིད་པ་ཁག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་དང་། གསང་བའི་ལས་ཁུངས་ཀྱི་མི་སྣ་གཞན་ཞིག་གིས་ནད་དུག་གི་འབྱུང་ཁུངས་འཚོལ་བའི་ལས་གཞི་དེ་ནི་རྒྱ་ནག་གཞུང་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། ཡང་རེ་འགས་ནད་དུག་དེའི་འབྱུང་ཁུངས་དངོས་ནི་ནམ་ཡང་རྙེད་མི་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུགདེ་བཞིན་ཨ་རིའི་བདེ་སྲུང་དྲུང་ཆེ་མག་ཨེས་ཕེ་ (Mark Espe) ལགས་ཀྱིས། ཨ་རིའི་གཞུང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ནན་ཏན་གྱིས་ལྟ་ཡི་ཡོད་ནའང་། ད་སྔ་གྲུབ་འབྲས་གསལ་པོ་ཞིག་རག་མེད་སྐོར་དང་། མང་པོ་ཞིག་གི་ལྟ་ཚུལ་ལ་ཏོག་དབྱིབས་ནད་དུག་དེ་ནི་རང་བྱུང་ཞིག་ཡིན་པར་མཐོང་གི་ཡོད་ནའང་། དེར་ཞིབ་འཇུག་འཕར་མ་བྱ་དགོས་སྐོར་བརྗོད་ཡོད་པ་རེད་ལ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཧ་ཅང་སྡུག་པོ་བྱུང་བའི་གནས་སྟངས་འདིར་ཨ རི་གཞུང་གིས་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། ཏོག་དབྱིབས་ནད་ཡམས་གྱི་འབྱུང་ཁུངས་དང་དེའི་འཕེལ་རིམ་ཐད་རྒྱ་ནག་ལ་ཁ་གསལ་ཡིན་པ་རེད། རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་ཀྱང་ཡང་དང་བསྐྱར་དུ་ཏོག་དབྱིབས་ནད་དུག་ཕྲ་འབུ་བརྟག་དཔྱད་ཁང་ནས་ཐོན་པའི་བདེན་དཔང་གང་ཡང་མེད་པ་བརྗོད་ཀྱི་ཡོད་པ་རེད། འཛམ་གླིང་གི་སྨན་རིག་ཆེད་མཁས་པ་མང་པོ་ཞིག་གིས་ཀྱང་དེ་ནི་བརྟག་དཔྱད་ཁང་ཞིག་ནས་ཕྱིར་ཤོར་བའི་བདེན་དཔང་མེད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་དེ། ནད་དུག་དེ་བརྟག་དཔྱད་ཁང་ཞིག་ནས་བྱུང་བ་མིན་ཚུལ་བརྗོད་ཡོད་པ་རེད་ལ། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་གསང་རྒྱ་བྱས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་གསང་རྒྱ་བྱེད་དུ་བཅུག་མེད་ཚུལ་བརྗོད་ཡོད་པ་རེད།

ཏོག་དབྱིབས་ནད་ཡམས་ཐོག་མར་ངོས་འཛིན་བྱུང་མ་ཐག་ཨ་རིའི་སྨན་རིག་ཆེད་མཁས་པ་ཚོས་རྒྱ་ནག་ནང་རོགས་རམ་བྱ་རྒྱུའི་འདོད་པ་བསྟན་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་རྣམས་བཀག་འགོག་བྱས་ཡོད་པ་རེད་ལ། ཉེ་ཆར་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པས་ཐོག་མ་ཉིད་ནས་ཨ་རི་བ་ཚོར་ཆོག་མཆན་སྤྲད་མེད་པ་རེད། སྐབས་དེ་དུས་ནས་ང་ཚོས་ཕྲ་འབུ་བརྟག་དཔྱད་ཁང་དེ་ཤེས་ཀྱི་ཡོད་ལ། ཝུ་ཧན་གྱི་བདག་མེད་སྲོག་ཆགས་ཁྲོམ་ར་དེ་དང་། ནད་དུག་དེ་ཉིད་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་བྱུང་བ་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཕྱོགས་ཡོངས་ནས་ང་ཚོས་ཏོག་ཙམ་ལས་ཤེས་ཀྱི་མེད་པས། སྲིད་འཛིན་མཆོག་གིས་གསུང་བཞིན་པ་དེའང་འདི་ཡིན་པ་རེད། ང་ཚོར་ཤེས་ཀྱི་མེད་པའི་གནད་དོན་དེ་དག་གི་ཐད་ལན་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་མང་པོ་སྦས་གསང་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་གྱིས། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་གྲངས་ཐོ་ལ་བསྐྱར་ཞིབ་བྱས་མཐར། འདས་གྲོངས་སུ་ཕྱིན་པའི་ཁྲོད་མི་གྲངས་ ༡༢༩༠ ཁ་སྣོན་བྱས་ཏེ། དེ་དག་ནི་ཁྱིམ་དུ་འདས་གྲོངས་སུ་ཕྱིན་པ་དང་སྨན་ཁང་རེ་འགས་འདས་གྲོངས་སུ་ཕྱིན་པའི་གྲངས་ཐོ་དུས་ཐོག་མ་སྤྲད་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་བརྗོད་དེ་ད་ལྟ་རྒྱ་ནག་ནང་འདས་གྲོངས་སུ་ཕྱིན་པ་གྲངས་ ༤༦༣༢ ཆགས་ཡོད་སྐོར་བསྒྲགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བསྒྲགས་པའི་གྲངས་འབོར་དེ་ལ་རྒྱལ་སྤྱིའི་ཐོག་ནས་དོགས་པ་གླེང་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༡༧

Leave a Reply

One thought on “ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱེད་ཀྱི་ཡོད་ཟེར།

  1. རྒྱལ་ཁབ་དཔོན་རིགས་ཚོའི་ རྒྱ་དམར་ལ་བཟོ་ལྟ་སྤྲོད་ཐུབ་རྒྱུ་ཁག་མོ། མྱོང་རྒྱུ་དེ་མི་མང་གཉེམས་ཆུང་ཚོ་མྱང་དགོས་ལ་རེད་ཨ།