ཨ་ཧྥེ་རི་ཁ་ཏོག་དབྱིབས་རིམས་ནད་ཀྱི་ལྟེ་གནས་སུ་འགྱུར་ཉེན་འདུག་ཟེར།

འཛམ་གླིང་ཨ་ཧྥེ་རི་ཁ་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་ཕྲན་ཏོག་དབྱིབས་རིམས་ནད་ཀྱི་ལྟེ་གནས་སུ་འགྱུར་བའི་ཉེན་ཁ་ཡོད་པས་ད་ལྟ་ནས་ཨ་སྒོར་ཐེར་འབུམ་ ༡༠༠ ཟུར་འཇོག་དགོས་སྐོར་བཤད།དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་ཚུད་ལ་ཨ་ཧྥེ་རི་ཁ་གླིང་ཕྲན་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་པའི་གྲངས་འབོར་མྱུར་ཚད་མཐོན་པོས་འཕར་བཞིན་པ་མ་ཟད། གླིང་ཕྲན་སྤྱི་ཡོངས་ཀྱི་འཕྲོད་བསྟེན་སྨན་བཅོས་སྡེ་ཁག་ལེགས་པོ་མེད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དེ་ཏོག་དབྱིབས་རིམས་ནད་ཀྱི་ལྟེ་གནས་རྗེས་མ་དེར་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག

ད་ལྟའི་ཆར་ཨ་ཧྥེ་རི་ཁ་གླིང་ཕྲན་ཡོངས་ནང་ཏོག་དབྱིབས་ནད་པ་ ༡༩༠༠༠ དང་། རྐྱེན་འདས་སུ་སོང་བ་ ༡༠༠༠ ལྷག་བྱུང་ཡོད་པ་དང་། དེ་ནི་ཨ་རི་དང་ཡུ་རོབ་གླིང་སོགས་བསྡུར་ན་ད་དུང་དམའ་བོ་ཡིན་མོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་(UN Economic Commission for Africa) ཀྱིས། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཨ་ཧྥེ་རི་ཁའི་གླིང་ཕྲན་ཁྱོན་ཡོངས་ཀྱི་མི་གྲངས་འབུམ་ ༣ ལྷག་རྐྱེས་འདས་སུ་འགྲོ་སྲིད་པ་དང་། སྔོན་འགོག་གི་ཆེད་དུ་གླིང་ཕྲན་དེར་ཨ་སྒོར་ཐེར་འབུམ་ ༡༠༠ གི་མ་དངུལ་ད་ལྟ་ནས་ཟུར་འཇོག་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་པ་དང་། འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་གནས་སྟངས་ལ་གཞིགས་ན། ཨ་ཧྥེ་རི་ཁའི་ཏོག་དབྱིབས་ནད་ཡམས་དེ་རྒྱལ་ས་དང་གྲོང་ཁྱེར་ནས་གྲོང་སྡེ་ཁུལ་དུ་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། གླིང་ཕྲན་ལ་ཏོག་དབྱིབས་ནད་ཡམས་ལྟ་བུའི་རྒྱ་ཁྱབ་རིམས་ནད་ལ་ཁ་གཏད་གཅོག་ཆེད་དབུགས་སྐྱོར་འཕྲུལ་ཆས་འདང་ངེས་མེད་སྐོར་བརྗོད་འདུག དེ་བཞིན་ཨ་ཧྥེ་རི་ཁ་གླིང་ཕྲན་གྱི་མི་འབོར་གྱི་གསུམ་ཆ་གཅིག་ལྷག་ལ་འཐུང་ཆུའི་མཐུན་རྐྱེན་འདང་ངེས་མེད་པ་མ་ཟད། གྲོང་ཁྱེར་ཁུལ་གྱི་མི་འབོར་གྱི་བརྒྱ་ཆ་ ༦༠ ཙམ་དབུལ་གྲོང་དུ་གནས་ཀྱི་ཡོད་པས་ཉེན་ཚབས་ཆེ་རུ་གཏོང་སྲིད་སྐོར་བརྗོད་འདུགད་ལྟའི་ཆར་ཨ་ཧྥེ་རི་ཁའི་བྱང་མ་ཁུལ་གྱི་ཨལ་ཇི་རི་ཡ་དང་། ཨི་ཇིབ། མོ་རོ་ཁོ་བཅས་ལ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཚབས་ཆེ་བ་ཡོད་ནའང་། ད་དུང་རྒྱལ་ཁབ་ ༡༥ ནང་ཏོག་དབྱིབས་ནད་པ་ཐོན་མེད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་ཁུལ་གྱི་འགན་འཛིན་མ་ཤི་ཌི་སོ་མོ་ཏི་(Matshidiso Moeti) ཡིས། གླིང་ཕྲན་གཞན་དང་བསྡུར་ན་ཨ་ཧྥེ་རི་ཁའི་ནང་ཏོག་དབྱིབས་ནད་པ་ཉུང་དོན་གཙོ་བོ་ནི། རྒྱལ་ཁབ་གཞན་དང་བསྡུར་ན་ཨ་ཧྥེ་རི་ཁའི་ཁུལ་དུ་རྒྱལ་སྤྱིའི་འགྲུལ་བ་ཡོང་མཁན་ཉུང་ཉུང་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྐོར་བརྗོད་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ནང་གླིང་ཕྲན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རེ་འགས་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ཡོད་ཅིང་། འགའ་ཤས་ཀྱིས་སློབ་གྲྭ་སོགས་སྒོ་བརྒྱབ་སྟེ། འཛིན་ཁང་རྣམས་ཟུར་བཅད་སྨན་ཁང་དང་ཟུར་བཀག་སྡོད་ཁང་དུ་བཟོས་ཡོད་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་བཅའི་ངལ་སེལ་ཚོགས་པས་དགོས་ངེས་ཅན་གྱི་ས་ཁུལ་ཁག་ཏུ་བཟའ་བཅའ་དང་ཁ་རས་སོགས་བགོ་འགྲེམ་བྱས་ཚར་ཡོད་འདུག་པ་དང་། ཨ་ཧྥེ་རི་ཁའི་ནད་འགོག་ཞིབ་འཇུག་ཁང་གི་ངོས་ནས་བརྟག་དཔྱད་ཡོ་བྱད་ས་ཡ་ ༡ ལྷག་ཆེད་འགྲེམ་སྤེལ་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༡༨

Leave a Reply