ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་རོགས་དངུལ་ཧིན་སྒོར་ས་ཡ་གཉིས་ལྷག་གནང་།

༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་གར་གཞུང་མང་གཉིས་དང་དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་ཁྱོན་ཧིན་སྒོར་ས་ཡ་གཉིས་དང་ཆིག་བརྒྱ་བཅུ་གསུམ་༼༢༠༠༠༡༡༣༽རོགས་རམ་གནང་།

རྒྱ་གར་ནང་ཁྱོན་མི་གྲངས་ཐེར་འབུམ་ ༡.༣ ལྷག་ཁྱིམ་སྡོད་བཀའ་རྒྱའི་འོག་བསྡད་ནས་ཉིན་གྲངས་ ༢༧ ཙམ་འགྲོ་བཞིན་ཡོད་པ་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀའི་ཉམ་ཐག་ཚོར་བཟའ་ཆས་སྦྱིན་གཏོང་ཆེད་ཧིན་སྒོར་འབུམ་བཅུ་༼༡༠༠༠༠༠༠༽གནང་ཡོད་པ་དང་། ཕྱི་ཟླ་༣ ཚེས་༣༡ ཉིན་རྒྱ་གར་གྱི་སྲིད་བློན་མཆོག་གི་གཟིགས་སྐྱོང་ཐེབས་རྩར་ཞལ་འདེབས་ཧིན་སྒོར་འབུམ་གཅིག་ ༼༡༠༠༠༠༠༽དང་། ཧི་མ་ལ་ཡ་མོན་ཡུལ་གྱི་ཉམ་ཐག་རྣམས་ལ་བཟའ་བཅའ་དང་། འཕྲོད་བསྟེན་དགོས་མཁོ་ཆེད་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བརྒྱུད་ཧིན་སྒོར་འབུམ་བཞི་༼༤༠༠༠༠༠༽། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་ལྔ་དང་ཆིག་བརྒྱ་བཅུ་གསུམ། ༼༥༠༠༡༡༣༽ ཐམ་པ་བཅས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་གཉིས་དང་ཆིག་བརྒྱ་བཅུ་གསུམ་༼༢༠༠༠༡༡༣༽ཐམ་པ་གནང་ཡོད་འདུག

དེ་རིང་ཀུན་བདེ་གླིང་བླ་བྲང་ནས་གནང་བའི་ཕྱག་ཡིག་ནང་དུ། དེང་སྐབས་ནད་ཡམས་སྔོན་འགོག་འོག་ནམ་ཉིན་ལྟོས་མེད་ཕྱག་ལས་གནང་མཁན་སྨན་པ་དང་། སྨན་ཞབས། བདེ་སྲུང་ཉེན་རྟོག་མི་སྣ་ཚོར་བསྔགས་བརྗོད་ཡི་རང་དང་། དཀའ་སྡུག་ཆེ་བའི་ཉམ་ཐག་ཚོར་བཟའ་བཅའ་སོགས་རོགས་སྐྱོར་རྣམ་མང་གནང་མཁན་བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཕྱུག་པའི་སྐྱེས་མཆོག་དང་། ཚོགས་སྡེ་ཁག་མང་པོ་ཡོད་འདུག་པ་དེ་དག་ལའང་རྗེས་སུ་ཡི་རང་དང་འབྲེལ་རང་གཞན་གྱི་དགེ་རྩའི་ནུས་མཐུ་ལ་བརྟེན་ནས་༸སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། མགོན་པོ་གང་གི་ཀུན་ཁྱབ་ཐུགས་འཁུར་གྱིས་བླང་དོར་ལམ་སྟོན་ལྟར་ཤར་བསྐྱོད་གནང་ཐུབ་ཚེ། འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ནད་ཡམས་མྱུར་དུ་ཞི་ནས་འགྲོ་བ་རྣམས་བདེ་དགའི་དཔལ་ཡོན་ལ་ལོངས་སྤྱོད་ཐུབ་པའི་ཡིད་ཆེས་དང་སྨོན་འདུན་གྲངས་མེད་ཡོད་ཅེས་གསུངས་འདུག

བསྐྱར་བཅོས།: ༢༠༢༠/༠༤/༢༠

Leave a Reply