རྒྱ་ནག་དབུས་ཉེན་རྟོག་ཁང་གི་དཔོན་པོར་འདྲི་ཞིབ་བྱེད་ཀྱི་འདུག

རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་སུན་ལི་ཅུན་ (Sun Lijun) ལ་འདྲི་ཞིབ་བྱེད་ཀྱི་ཡོད་སྐོར་དང་མ་འོངས་པར་ཉེན་རྟོག་ཁང་གི་བསམ་བློའི་འཁྱེར་སོ་ལ་ཡར་རྒྱས་གཏང་སྟེ་ཞི་ཅིན་ཕིན་ལ་བློ་དཀར་བ་དང་རྒྱབ་སྐྱོར་བྱེད་དགོས་སྐོར་བསྒྲགས། ཁ་སང་ཕྱི་ཚེས་ ༢༠ ཉིན། རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་སུན་ལི་ཅུན་ (Sun Lijun) གྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་འདྲི་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་ལ། དེ་ནི་འདི་ལོར་རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་ཞིག་ལ་ལོ་ ༡༣ ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་སུ་བྱུང་བའི་གནས་ཚུལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དེ་འབྲེལ་བསྒྲགས་ཡིག་ནང་། སུན་ལི་ཅུན་ (Sun Lijun) གྱིས་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས་ལ་ཚབས་ཆེན་འགལ་བའི་བྱ་སྤྱོད་སྤེལ་ཡོད་པས། ད་ལྟ་འདྲི་ཞིབ་ལྟ་རྟོག་འོག་ཡོད་སྐོར་བརྗོད་ཡོད་པ་ལས། གཞན་གནད་དོན་ག་འདྲ་ཞིག་གི་ཐོག་ནས་ཁྲིམས་སྒྲིག་དང་འགལ་ཡོད་པ་དང་། ཁྲིམས་ལུགས་ག་རེ་བརྩི་སྲུང་མ་བྱས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་མ་ཟད། ཁོང་གི་གནད་དོན་ཐད་གསར་ལམ་ཁག་ལ་ལན་འདེབས་གང་ཡང་བྱེད་ཀྱི་མེད་འདུག

གནས་ཚུལ་དེའི་ཐད་ཁ་སང་རྒྱ་ནག་དབུས་ཉེན་རྟོག་ཁང་གིས་ཀྱང་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ཉེན་རྟོག་ཁང་དེས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འདྲི་ཞིབ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེ་ནི་དུས་ལ་རན་པ་དང་འོས་འཚམ་ཞིག་ཡིན་སྐོར་དང་། སུན་ལི་ཅུན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཁྲིམས་སྒྲིག་ལ་ཡུན་རིང་སྣང་མེད་བཞག་ཡོད་པ། དེ་བཞིན་མ་འོངས་པར་ཉེན་རྟོག་ཁང་གི་བསམ་བློའི་འཁྱེར་སོ་ལ་ཡར་རྒྱས་གཏང་སྟེ། ཞི་ཅིན་ཕིན་ལ་བློ་དཀར་བ་དང་། རྒྱབ་སྐྱོར་བྱེད་པ། རྗེས་སུ་འཇུག་པ། སྲུང་སྐྱོབ་བྱེད་པ་བཅས་དགོས་ཀྱི་ཡོད་སྐོར་བཀོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། རྒྱ་ནག་དབུས་ཉེན་རྟོག་ཁང་གི་དྲ་ངོས་ནས་སུན་ལི་ཅུན་གྱི་མི་ཚེའི་ལོ་རྒྱུས་བསུབ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༧ ཉིན་རྒྱ་ནག་མི་མང་བདེ་སྲུང་ཉིན་རེའི་ཚགས་པར་ནང་། སུན་ལི་ཅུན་གྱིས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་འགྲོ་སྐྱོད་བཀག་སྡོམས་བྱེད་སྐབས་དམར་ཤོག་ཚོགས་མི་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཀྱིས་ཡིད་འགུལ་ཐེབས་ཡོད་པ་དང་། དམར་ཤོག་ཚོགས་མི་རྣམས་དམར་ཤོག་ཚོགས་པར་བློ་དཀར་དགོས་པ་དང་། དམར་ཤོག་དང་མི་མང་ཆེད་ཡོད་ཚད་བློས་གཏོང་ཐུབ་པ་ཞིག་དགོས་སྐོར་བརྗོད་ཡོད་པ་བཀོད་ཡོད་འདུག་ལ། ཕྱི་ཟླ་ ༢ ནང་ནད་ཡམས་ཐོག་མར་འབྱུང་ཡུལ་དང་ནད་པའི་གྲངས་འབོར་མང་ཤོས་ཀྱི་ཝུ་ཧན་གྲོང་ཁྱེར་ནང་ཆེད་གཏོང་བྱས་ཏེ་ཁུལ་དེའི་བདེ་སྲུང་ལ་འགན་ལེན་བྱེད་དུ་བཅུག་ཡོད་འདུག

དེ་བཞིན་སུན་ལི་ཅུན་གྱིས་རྒྱ་ནག་རྒྱལ་ནང་ཆབ་སྲིད་དང་ཧོང་ཀོང་གི་བདེ་འཇགས་ལས་དོན་ཐག་གཅོད་ཁང་དང་པོའི་མགོ་གཙོ་གཞོན་པའི་ལས་འགན་འཁུར་ཡོད་པ་དང་། ལས་ཁུངས་དེའི་ཧོང་ཀོང་དང་མེའེ་ཁའོ། ཐའེ་ཝན་བཅས་ཀྱི་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཡང་འཁུར་མྱོང་ཡོད་འདུག་པ་མ་ཟད། ཁོས་སྣེ་ཁྲིད་དེ་ཕྱི་ལོ་ ༢༠༡༧ ནང་རྒྱ་ནག་སྐམ་ས་དང་ཧོང་ཀོང་གཉིས་ཀྱི་བར་ཉེས་ཅན་འཛིན་བཟུང་བྱས་རྗེས་ཉིན་བདུན་གྱི་ནང་ཚུད་དུ་ཕྱོགས་གཉིས་ལ་གནས་ཚུལ་མཁོ་སྤྲོད་བྱེད་པའི་ཆིངས་ཡིག་ཞིག་ཀྱང་བཞག་ཡོད་འདུག

སུན་ལི་ཅུན་ལ་འདྲི་ཞིབ་བྱེད་བཞིན་པའི་གནས་ཚུལ་དེ་ནི་ཕྱི་ལོ་ ༢༠༡༨ ནང་རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་མགོ་འཁྲིད་ཟུར་པ་མོང་ཧོང་ཝེ་ (Meng Hongwei) ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས། འདི་ལོའི་ཕྱི་ཟླ ༡ ནང་ཁོང་ལ་ལོ་ ༡༣ དང་ཕྱེད་ཙམ་ལ་བཙོན་འཇུག་ཁྲིམས་ཆད་ཕོགས་ཡོད་པ་བསྒྲགས་རྗེས།  ད་ལན་དབུས་ཉེན་རྟོག་ཁང་གི་འགན་འཛིན་གཞོན་པ་གཞན་ཞིག་ལ་ཉེས་འཛུགས་བྱས་པ་ཐོག་མ་དེ་ཆགས་ཡོད་པ་རེད།དེ་བཞིན་ཉེ་བའི་ཆར་པེ་ཅིན་གྱི་ས་ཁང་ཚོང་བསྒྱུར་བ་དང་དམར་ཤོག་ཚོགས་མི་རིན་ཀྲི་ཆིང་ (Ren Zhiqiang) གིས་རྒྱ་ནག་དམར་ཤོག་ཚོགས་པས་ཏོག་དབྱིབས་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ཐད་སྐྱོན་བརྗོད་རྩོམ་ཡིན་སྤེལ་བར་འདྲི་ཞིབ་བྱེད་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༩ ཉིན་རེའི་ཆ་འཕྲིན་གསར་ཁང་ (Daily Mail) གིས་ཞིབ་འཇུག་བྱས་པ་ལྟར་ན། ཏོག་དབྱིབས་ནད་ཡམས་ངོས་འཛིན་བྱུང་རྗེས་ཀྱི་བདུན་ཕྲག་འགའི་རིང་རྒྱ་ནག་ནང་མི་གྲངས་ ༥༡༠༠ ལྷག་ནད་ཡམས་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་པ་བཀོད་འདུག

སུན་ལི་ཅུན་ནི་ ༡༩༦༩ ལོར་སྐྱེས་པ་དང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཆིང་ཏའོ་ནས་ཡིན་འདུག ཕྱི་ལོ་ ༡༩༩༧ ལོར་དམར་ཤོག་ཚོགས་པར་ཞུགས་ཡོད་པ་དང་། ཁོ་ནི་ཨོ་གླིང་གི་ནེའུ་སོའོ་ཌི་ཝེལ་ (New South Wales) མངའ་སྡེའི་སློབ་ཆེན་གྱི་སྤྱི་དམངས་འཕྲོད་བསྟེན་དང་གྲོང་ཁྱེར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་ཡོད་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། སྤྱི་དམངས་འཕྲོད་བསྟེན་གྱི་རབ་འབྱམས་པའི་སློབ་གནས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༢༠

Leave a Reply