བོད་རིགས་འཐུས་མི་མང་པོ་མཉམ་རུབ་ཀྱིས་གོང་རིམ་ལ་སྙན་ཞུ་ཕུལ།

བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་རུ་སྡེའི་འཐུས་མི་ཚོས་མི་མང་གི་ཚབ་བྱས་ཏེ་བོད་སྐད་ཡིག་སློབ་འཁྲིད་ལ་འགྱུར་བ་གཏང་ན་འབྲོག་པ་མང་ཚོགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་འཚོ་བ་དང་མི་ཚེའི་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་བཏང་བ་ཡིན་པའི་རེ་འབོད་སྙན་ཞུ་ཕུལ་ཡོད་འདུགརྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་རྒྱ་བསྒྱུར་སློབ་གསོ་སྤེལ་རྩིས་ཡོད་པར་བརྟེན། དེ་རིང་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་རུ་སྡེའི་མི་དམངས་སྲིད་གྲོས་ཀྱི་འཐུས་མི་ཡོངས་ཀྱིས། བོད་ལ་བོད་སྐད་ཡིག་སློབ་འཁྲིད་འགྱུར་བཅོས་མི་གཏོང་བའི་སྙན་ཞུ་ཡི་གེ་ཞིག་ཕུལ་ཏེ། འབྲོག་པའི་བུ་རབས་ཚ་རྒྱུད་ཚོའི་ཉིན་རེའི་འཚོ་བ་དང་འབྲེལ་འདྲིས་ལ་ཉེ་བར་མཁོ་བ་ནི་རང་གི་ཕ་སྐད་མ་ཡིག་འདི་ཡིན་པ་ནི་ཀུན་གྱིས་མིག་མཐོང་ལག་ཡིན་ལ། སྙན་ཞུ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཙོས་པའི་ས་གནས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཅི་ཡོད་ལ་སློབ་སྦྱོང་གི་བློ་སྔོན་དུ་སོང་ནས་གོང་རིམ་ལ་ཞུས་པ་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་རང་གི་སྐད་ཡིག་ལ་བཅངས་བའི་རེ་འབོད་ཉག་གཅིག་ཡིན་ཞེས་བརྗོད་འདུག

སྙན་ཞུ་ཡེ་གེ་དེ་ནི་བོད་རིགས་སྲིད་གྲོས་དམངས་འཐུས་དང་དགེ་རྒན་ཚོས་སྐད་ཡིག་སློབ་འཁྲིད་སྐོར་གྱི་བསམ་འཆར་དང་རྩོམ་ཡིག་སོགས་དྲ་ལམ་ཁག་ཏུ་སྤེལ་མི་ཆོག་པའི་བཀའ་བཏང་ནས་ཉིན་ཤས་ལས་མ་སོང་བར་ཕུལ་བ་ཞིག་ཆགས་ཡོད་པ་དང་། མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ད་ལྟའི་ཆར་སྙན་ཞུ་ཡི་གེ་དེ་ཀྲུང་དབྱང་དང་རྔ་བ་ཁུལ་གང་ལ་ཕུལ་ཡོད་གསལ་ཁ་གང་ཡང་མེད་ན་ཡང་། སྙན་ཞུ་ཡི་གེ་དེ་ལྟ་བུ་ཞིག་ཕུལ་ཡོད་པ་དངོས་བདེན་ཡིན་པ་འཐུས་མི་རང་གི་ས་ནས་གོ་བྱུང་ཞེས་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་གིས་སྙན་ཞུ་ཕུལ་ས་དེ་རྔ་བ་ཁུལ་ཡིན་པ་རེད་བསམ་གྱི་འདུག རྒྱུ་མཚན་སྲིད་གྲོས་ཀྱིས་ཕུལ་བ་ཞིག་ཡིན་དུས་གོ་རིམ་ཞིག་ཡོད་སྟབས་གོང་རིམ་ནས་གོང་རིམ་བརྒྱུད་འགྲོ་དགོས་པ་ཞིག་ཡིན་པ་རེད། ཅེས་བརྗོད་བྱུང་།

རུ་སྡེའི་སྲིད་གྲོས་ནས་ཕུལ་བའི་སྙན་ཞུ་ཡི་གེ་དེའི་མགོར། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་བྱ་བའི་འོག་ནས་དམངས་ཕལ་བ་རེ་རེའི་བསམ་འཆར་དང་སྙན་ཞུ་ཅི་ཡོད་གོང་རིམ་ལ་ཞུ་ཆོག་པར་མ་ཟད། དེ་ལ་ཁྲིམས་ཀྱི་འགན་སྲུང་ཡང་མཆིས་པས་རེབ་འདིར་དྲ་ཐོག་དང་ཡིག་ཐོག་གང་རུང་ནས་གླེང་དང་གླེང་གིན་པའི་ཕ་སྐད་མ་ཡིག་གི་སྐོར་ལ། ཚ་རུ་མའི་འབྲོག་པ་མང་ཚོགས་གཙོས་པའི་འཐུས་མི་དག་གིས་སྙིང་ཁོང་རུས་པའི་གཏིང་ནས་སྙན་ཞུ་འདི་མི་ཕུལ་ཐབས་མེད་ཆགས་སོང་བ་དང་། གནད་དོན་འདི་ནི་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཙོས་པའི་ས་གནས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཅི་ཡོད་ལ་སློབ་སྦྱོང་གི་བློ་སྔོན་དུ་སོང་ནས་གཟོད་གོང་རིམ་ལ་ཞུས་པ་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་རང་གི་སྐད་ཡིག་ལ་བཅང་བའི་རེ་འབོད་ཉག་གཅིག་ཡིན་པས། འབྲེལ་ཡོད་སྡེ་ཁག་དག་གིས་དོ་སྣང་ ཡོད་པར་སྙིང་ནས་རེ་བ་ཞུ་བཞིན་ཡོད། ཅེས་བཀོད་འདུག

འབྲོག་པ་མང་ཚོགས་ནི་གནའ་ནས་བཟུང་རང་གི་ཕ་སྐད་ལ་བསྟེན་ནས་འཚོ་བ་རོལ་ནས་ཡོང་བ་ཡིན་པས་སྐད་ཡིག་དེ་གལ་ཆེན་པོ་ཆགས་ཡོད་པའི་སྐོར་ལ་སྙན་ཞུའི་ཡི་གེ་ནང་། དེ་ཡང་འབྲོག་པ་མང་ཚོགས་ནི་གནའ་ནས་ད་བར་དུ་རང་རྐྱ་ཐུབ་པའི་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས། རིག་གནས་སེམས་ཁམས་སོགས་ལ་བསྟེན་ནས་ཡོང་བ་ཞིག་རེད་ལ། ལྷག་པར་སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་སྲོག་གི་རྩ་བ་དང་བསམ་པའི་གཅེས་ནོར་ཡིན་པ་ནི་དོན་དངོས་དང་ཚན་རིག་གི་དགོངས་པ་དང་མཐུན་པར་མ་ཟད། ལྷག་པར་བོད་ཀྱི་རིག་གནས་ཆེད་མཁས་པའི་སྡེ་དང༌། ཡང་ན་ལོ་ངོ་གང་མང་ལ་སྐད་ཡིག་གི་ཉམས་མྱོང་ཡོད་པའི་དགེ་བའི་བཤེས་མཉེན་དམ་པ་གང་མང་ཞིག་ལ་གསལ་ཆ་ཡོད་པ་ནི་སྨོས་ཅི་དགོས་ཏེ། འབྲོག་པ་དམངས་ཚོགས་ཀྱི་བུ་རབས་ཚ་རྒྱུད་དག་ནར་སོན་སའི་ཁོར་ཡུག་ནི་བོད་སྐད་བོད་ཡིག་གཙོས་པའི་འབྲོག་ཁུལ་ཡིན་པ་ཡང་བསྙོན་དུ་མེད། ཁོ་ཚོའི་ཉིན་རེའི་འཚོ་བ་དང་འབྲེལ་འདྲིས་ལ་ཉེ་བར་མཁོ་བ་དེ་ཡང་རང་གི་ཕ་སྐད་མ་ཡིག་འདི་ཡིན་པ་ནི་ཀུན་གྱིས་མིག་མཐོང་ལག་ཡིན་པ་རེད། ཅེས་བརྗོད་འདུག

བོད་ཡིག་གཙོ་བོའི་སློབ་འཁྲིད་ལ་འགྱུར་བ་གཏང་ན་འབྲོག་པ་ཚོས་སེམས་འཁྲལ་བྱེད་ས་གང་ཡིན་སྐོར་ལ་སྙན་ཞུའི་ནང་། འབྲོག་དམངས་ཀྱི་བྱིས་པ་ཚོ་ནི་ཆུང་དུས་ནས་བཟུང་བོད་སྐད་བོད་ཡིག་གི་བག་ཆགས་དང་འབྲེལ་ནས་འོང་ཞིང་བོད་སྐད་བོད་ཡིག་ནི་ཁོ་ཚོས་གཏན་ནས་འདོར་ཐབས་མེད་པའི་བསམ་པའི་ནང་གི་བརྩེ་དུང་མཚོན་བྱེད་དང་འབྲེལ་འདྲིས་ཀྱི་ལག་ཆ་ཨང་དང་པོར་ཆགས་ཡོད། མ་ཟད་བོད་སྐད་བོད་ཡིག་ལ་བརྟེན་ནས་ཁོ་ཚོས་རང་གི་ནང་ཕུ་ནུའི་བར་དང་ཕ་མའི་བར་ལ་ཡང་འབྲེལ་འདྲིས་བཟོ་དགོས་ཤིང་། དེ་ལ་བརྟེན་ནས་རྒན་དར་གཞོན་གསུམ་ཚང་མས་འཚོ་བ་རོལ་དགོས་པ་རེད། གལ་ཏེ་འདི་ལ་གོད་ཆག་རེ་བྱུང་ཚེ་དེ་ནི་ཁོ་ཚོའི་འཚོ་བ་དང་ཁྱིམ་ཚང་ལ་གོད་ཆག་བྱུང་བ་དང་ཁྱད་མེད་པ་དང་། གཞན་འབྲོག་པ་དམངས་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དེ་ནི་རང་གི་བུ་དང་བུ་མོའི་མདུན་ལམ་དང་སློབ་གསོ། ལྟོ་གོས་དང་རྒྱུགས་འབྲས་སོགས་རེད་ལ། གལ་ཏེ་བོད་ཡིག་གཙོས་པའི་ཐབས་ལམ་དང་པོར་འགྱུར་བ་བྱུང༌ཚེ་རང་གི་བུ་དང་བུ་མོ་ཚོའི་རྒྱུགས་འབྲས་ཡག་པོ་ཞིག་ལོན་ཐབས་མེད་པ་དང༌། རྒྱུགས་ཡག་པོ་ཞིག་ལོན་ཐབས་མེད་པ་དང་། རྒྱུགས་འབྲས་ཡག་པོ་ཞིག་མ་ལོན་ཚེ་སློབ་ཆེན་ཡག་པོ་ཞིག་ལ་འགྲོ་མི་ཐུབ་པ་དང་། སློབ་གྲྭ་ཡག་པོ་ཞིག་འདོན་མ་ཐུབ་ཚེ། བྱ་བ་ཡག་པོ་ཞིག་ལོན་ཐབས་མེད་པ་སོགས་བུ་རབས་ཚ་རྒྱུད་དག་གི་དོན་དངོས་ཀྱི་ཁ་འཚོ་བ་དང་ལྟོ་གོས་ལ་འབྲེལ་བ་དམ་དུ་ཡོད་པས། འབྲོག་པ་ཚོས་གནད་དོན་འདི་ལ་སེམས་ཁུར་བླ་མེད་བྱེད་བཞིན་མཆིས་ལ། འདི་ནི་ཁོ་ཚོ་དང་ཁོ་ཚོའི་ཕྱི་རབས་པ་དག་གི་མི་ཚེའི་སྐྱིད་སྡུག་དང་འཚོ་བ་སྐྱེལ་སྟངས། འབྲེལ་བ་འཛུགས་སྟངས། བྱེད་སྒོ་ཆེ་མ་ཆུང་གསུམ་དག་དང་འབྲེལ་བ་ཡོད་པ་ཀུན་གྱིས་ངེས་ཤེས་ཡོད་པ་ཞིག་རེད། ཅེས་བྲིས་འདུག

མཇུག་ཏུ་སྙན་ཞུ་ཡི་གེ་དེ་ནི་ཚ་རུ་མ་རུ་སྡེ་ཡོངས་ཀྱི་འབྲོག་དམངས་གཙོས་པའི་འཐུས་མི་དག་གིས་གོང་རིམ་ལ་ཕུལ་བའི་བསམ་འཆར་སྦྲགས་མའི་ཡི་གེ་ཞིག་ཡིན་ལ། འབྲོག་པ་མང་ཚོགས་གང་མང་གི་སེམས་གཏིང་གི་རེ་འབོད་དངོས་དེ་ཡིན་པས། འདི་ལ་ཡང་ནས་ཡང་དུ་ཐག་གཅོད་གཟབ་ནན་ཡོང་བར་སྙིང་ནས་རེ་འབོད་ཞུ་ཡི་ཡོད་པ་དང་། ཐེངས་འདིར་སློབ་འཁྲིད་བསྒྱུར་བཅོས་སྐོར་གྱི་རླུང་འཚུབ་དེས་ཡོད་ཚད་སྣང་མེད་དུ་གཡུགས་པ་ནི་ཤིན་ཏུ་ཡ་ང་བ་ཞིག་ཡིན་པས། གནད་དོན་དེར་དོ་སྣང་ཤུགས་ཆེན་སྤྲོད་རྒྱུ་ནི་གོང་རིམ་གྱི་མགོ་འཁྲིད་དག་གི་ཕྲག་ཏུ་བབ་པའི་འོས་འགན་དང་། འོས་འགན་དེ་ཐག་གཅོད་གཟབ་ནན་ཡོང་བ་ཡང་རྒྱལ་ཁབ་ལ་བློ་དཀར་བའི་ལས་སྣེ་བ་དག་གིས་དམངས་ཕལ་བ་དག་ལ་ཞབས་ཞུ་སྒྲུབ་སྟངས་ཆེས་ལེགས་ཤོས་སུ་བརྩི་རིགས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

ས་ཁུལ་དེར་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་བསྒྱུར་སྲིད་བྱུས་བསྒྲགས་ནས་ཟླ་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་བོད་མི་ཤེས་ཡོན་པ་དང་དགེ་རྒན། རྩོམ་པ་པོ་སོགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་གཞོར་བཟུང་གནད་དོན་དེའི་ཐད་རྒོལ་ལན་སྤྲད་ཡོད་པ་དང་། ཉེ་སྔོན་ནས་བསམ་འཆར་དང་རྩོམ་ཡིག་རིགས་དྲ་ལམ་དུ་སྤེལ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ད་ལྟའི་ཆར་དྲ་ལམ་ཁག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བོད་སྐད་ཡིག་སློབ་འཁྲིད་བཅོས་བསྒྱུར་གྱི་གནད་དོན་ཐད་རྩོམ་ཡིག་དང་སྐད་ཆ་བཤད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༠

Leave a Reply

One thought on “བོད་རིགས་འཐུས་མི་མང་པོ་མཉམ་རུབ་ཀྱིས་གོང་རིམ་ལ་སྙན་ཞུ་ཕུལ།