འགུལ་རིས་གློག་བརྙན་གྱི་ཡབ་ཆེན་དུ་འབོད་པ་ཞིག་འདས་གྲོངས་སུ་ཕྱིན།

འཛམ་གླིང་ནང་སྐད་གྲགས་ཅན་གྱི་འགུལ་རིས་གློག་བརྙན་ཙི་ཙི་དང་ཞི་མི་ཡི་འཁྲབ་ཁྲིད་པ་སྐུ་ཞབས་རྗན་དྷེ་ཆི་ལགས་རང་ལོ་ ༩༥ ཐོག་འདས་གྲོངས་སུ་ཕྱིན།ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་འགུལ་རིས་རི་མོ་བ་དང་འགུལ་རིས་གློག་བརྙན་བཟོ་སྐྲུན་པ། འགུལ་རིས་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན། འཛམ་གླིང་ཡོངས་སུ་ཆེས་གྲགས་ཆེ་བའི་བྱིས་པའི་འགུལ་རིས་གློག་བརྙན་ཙི་ཙི་དང་ཞི་མི་(Tom and Jerry)ཡི་འཁྲབ་འཁྲིད་པ་སྐུ་ཞབས་རྗན་དྷེ་ཆཱི(Gene Deitch)ལགས། དགུང་ལོ་ ༩༥ སྟེང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕལ་གྷོའི་(Prague)རང་ཤག་ནས་འདས་གྲོངས་སུ་སོང་ཡོད་འདུག

སྐུ་ཞབས་རྗན་དྷེ་ཆཱི་ཡི་ཅེག་གློག་བརྙན་བཟོ་སྐྲུན་ཁང་གིས་ཡུལ་དེའི་གསར་འགོད་པའི་ཚོགས་པར། སྐུ་ཞབས་རྗན་དྷེ་ཆཱི་ལགས་ནད་གཞི་ཚབས་ཆེན་སོགས་གང་ཡང་མེད་པར་གློ་བུར་འདས་གྲོངས་སུ་སོང་ཡོད་སྐོར་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་གཞན་གང་ཡང་བརྗོད་མེད་པ་དང་། ཁོང་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐོས་པ་དང་རྒྱལ་སྤྱིའི་སྟེང་སྒྱུ་རྩལ་བ་དང་ཆེད་མཁས་པ་སོགས་ཀྱིས། སྐུ་ཞབས་ཁོང་གིས་ངོ་མཚར་བའི་འགུལ་རིས་རི་མོ་དང་གློག་བརྙན་གྱིས་འཛམ་གླིང་གི་བྱིས་པ་ཁྲི་ཕྲག་མང་པོའི་བློ་རིག་གསལ་ཞིང་རྣམ་དཔྱོད་རྒྱས་བཅུག་པས། ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་སེམས་ཁོངས་སུ་གསོན་པོར་གནས་རྒྱུ་ཡིན་པ་སོགས་ཀྱི་མྱ་ངན་རྗེས་དྲན་ཞུ་བཞིན་འདུག

སྐུ་ཞབས་རྗན་དྷེ་ཆཱི་ལགས་ནི་ཕྱི་ལོ་ ༡༩༢༤ ལོའི་ཟླ་ ༨ ཚེས་ ༨ ཉིན། ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་ནས་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཛ་དྷིན་ཁཱ(Zdenka)དང་གཉེན་སྒྲིག་གིས་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་རུ་གཏན་སྡོད་བྱས་ཡོད་པ་དང་། ཁོང་གིས་ཕྱི་ལོ་ ༡༩༥༥ ལོ་ནས་ཨ་རིའི་མཉམ་འབྲེལ་འགུལ་རིས་བཟོ་སྐྲུན་ཁང་དུ་ལས་གཉེར་བྱེད་མགོ་ཚུགས་ཏེ། གྲགས་ཆེ་བའི་འགུལ་རིས་གློག་བརྙན་མང་པོ་ཞིག་གི་འཁྲབ་འཁྲིད་པ་དང་བཟོ་སྐྲུན་པ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༥༨ ལོར་ཨ་རིའི་ནེའུ་ཡོག་ཏུ་ཁོང་རང་སྒེར་གྱི་འགུལ་རིས་གློག་བརྙན་བཟོ་སྐྲུན་ཁང་ཞིག་བཙུགས་ཏེ། མུ་མཐུད་བྱིས་པའི་འགུལ་རིས་གློག་བརྙན་དང་ཟློས་གར་འགུལ་རིས་གློག་བརྙན་སོགས་བཟོ་སྐྲུན་བྱས་ཡོད་འདུག

ཁོང་གི་འགུལ་རིས་གློག་བརྙན་མང་པོ་ཞིག་ལ་རྩེད་མཚར་དང་པྲ་ཆལ་སོགས་ཀྱི་རྣམ་པ་ཕྱུག་པོ་ཡོད་པས་འཛམ་གླིང་གི་མི་ཆེ་མ་ཆུང་གསུམ་ཀུན་གྱིས་དགའ་མོས་ཆེས་ཆེར་བྱེད་བཞིན་ཡོད་པ་དང་། ཁོང་གིས་ཕྱི་ལོ་ ༡༩༦༡ ནས་ ༡༩༦༢ བར་ཆེད་གཉེར་འཁྲབ་འཁྲིད་བྱས་པའི་ཙི་ཙི་དང་ཞི་མིའི་མུ་འབྲེལ་འགུལ་རིས་གློག་བརྙན་ནི་ད་བར་འཛམ་གླིང་གི་བྱིས་པའི་འགུལ་བརྙན་ཆེས་ཡག་ཤོས་གྲས་སུ་ཚུད་ཡོད་པ་དང་། ཁོང་གི་འགུལ་བརྙན་མང་པོ་ཞིག་ལ་བྱ་དགའ་རིགས་འདྲ་མིན་ཐོབ་ཡོད་ཀྱང་། དེ་དག་ལས་རྒྱལ་སྤྱིའི་ཨོ་སི་ཁར་གློག་བརྙན་བྱ་དགའ་དང་ཝན་སོར་མེག་ཁེ(Winsor McCay)བྱ་དགའ། མི་ཚེ་གང་བོར་འགུལ་རིས་གློག་བརྙན་ལ་ཞབས་འདེགས་ཞུས་པའི་བྱ་དགའ་སོགས། ཆེད་བསྟོད་གཟེངས་རྟགས་སྣ་ཚོགས་ཤིག་ཕུལ་ཡོད་པ་མ་ཟད། འགུལ་རིས་གློག་བརྙན་གྱི་ཡབ་ཆེན་དུ་ཡང་འབོད་སྲོལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༡

Leave a Reply