ཡང་རྒྱ་ནག་གསར་འགོད་རང་དབང་སྡུག་ཤོས་ཀྱི་གྲས་སུ་ཚུད།

ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་གི་གསར་འགོད་རང་དབང་གི་གནས་བབ་སྔར་བས་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་གཞན་ཕན་ཅན་གྱི་མི་ཚོས་གསར་འགོད་པའི་ལས་དོན་ལ་རོགས་འདེགས་དགོས་པའི་འབོད་སྐུལ་གནང་།དེ་རིང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Border )ཀྱིས་ཕྱི་ལོ་ ༢༠༢༠ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མི་འདྲ་བ་ ༡༨༠ ཡི་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་སྔར་རྒྱུན་བཞིན་འཛམ་གླིང་ནང་གི་གསར་འགོད་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། ད་ལྟ་འཛམ་གླིང་ཡོངས་ལ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་འདིས་གོ་ལའི་གསར་འགོད་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་སྐོར་གྱི་གནད་དོན་གསལ་སྟོན་བྱས་ཡོད་ཅིང་། འབྱུང་འགྱུར་གྱི་ལོ་བཅུ་ཡིས་མ་འོངས་པའི་འཛམ་གླིང་གསར་འགོད་རང་དབང་གི་གནས་བབ་ཐག་གཅོད་བྱ་སྲིད་སྐོར་བསྒྲགས་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁི་རི་ཊོ་ཕེ་ཌེ་ལོར་(Christophe Deloire) ལགས་ཀྱིས། ཏོག་དབྱིབས་ནད་ཡམས་འདིས་ང་ཚོར་གནས་ཚུལ་ཁུངས་ལྡན་ཤེས་རྟོགས་ཐུབ་རྒྱུའི་ཐོབ་ཐང་རྡོག་རོལ་ཐད་ཤུགས་རྐྱེན་ངན་པ་ཞིག་སྦྱིན་ཡོད་པ་དང་། གསར་འགོད་རང་དབང་ཞན་ཤོས་གྲས་སུ་ཡོད་པའི་རྒྱ་ནག་དང་ཨི་རན་གཉིས་ཀྱིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ལ་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་ཅིང་། ཐ་ན་ཡུ་རོབ་ཀྱི་རྒྱལ་ཁབ་ཧང་གྷེ་རི་ (Hungary) ཡིས་ཀྱང་གནས་ཚུལ་རྫུན་མ་བརྒྱུད་སྒྲོག་བྱེད་མཁན་ལ་ལོ་ལྔའི་བཙོན་འཇུག་ཉེས་ཆད་གཅོད་རྒྱུའི་ཁྲིམས་སྒྲིག་དེ་ཚད་ལས་བརྒལ་བ་ཞིག་ཡིན་སྐོར་དང་། སྤྱི་དམངས་ཀྱི་འཕྲོད་བསྟེན་དཀའ་རྙོག་སྐབས་སྲིད་གཞུང་གིས་དུས་རྒྱུན་ལག་བསྟར་དཀའ་བའི་སྲིད་བྱུས་དང་སྒྲིག་ཁྲིམས་གཏན་འབེབ་བྱེད་སྲིད་པ་དང་། ལོ་རབས་འདི་ཉེན་ཚབས་ཅན་ཞིག་ཏུ་མི་འགྱུར་བའི་ཆེད་དུ། གཞན་ཕན་འདུ་ཤེས་ཡོད་པའི་མི་ཚོས་གསར་འགོད་པ་རྣམས་ཀྱིས་རང་གི་ལས་འགན་སྒྲུབ་ཐུབ་རྒྱུར་རོགས་འདེགས་བྱ་དགོས་སྐོར་འབོད་སྐུལ་ཞུས་ཡོད་འདུག

འདི་ལོའི་སྙན་ཐོའི་གྲུབ་དོན་ནང་། ནོར་ཝེ་ལོ་བཞི་བསྟུད་མར་འཛམ་གླིང་གི་གསར་འགོད་རང་དབང་གི་གནས་བབ་མཐོ་ཤོས་འཛིན་མཁན་དུ་གྱུར་ཡོད་ཅིང་། བྱང་ཀོ་རི་ཡ་སྔར་ལོ་དང་བསྡུར་ན་ཇེ་ཞན་དུ་གྱུར་ཏེ་འཛམ་གླིང་ནང་གི་གསར་འགོད་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་དེར་ངོས་འཛིན་བྱས་ཡོད་ཅིང་། རྒྱ་ནག་དེ་བྱང་ཀོ་རི་དང་(North Korea)། ཊར་མེ་ནི་སི་ཏན(Turkmenistan)། ཨེ་རི་ཊེ་རི་ཡ་(Eritrea) རྗེས་ཀྱི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཞན་ཤོས་ཀྱི་རྒྱལ་ཁབ་བཞི་པ་དེ་ཆགས་ཡོད་འདུག དེ་བཞིན་སྔར་ལོ་དང་བསྡུར་ན་འདི་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་རང་འགོད་རང་དབང་གི་གནས་སྟངས་བརྒྱ་ཆ་ ༠།༩ གྱིས་ཡར་རྒྱས་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ དང་བསྡུར་ན་བརྒྱ་ཆ་ ༡༢ གྱིས་མར་ཆག་ཡོད་འདུག

འདི་ལོའི་སྙན་ཐོའི་ནང་སྔར་ལོ་ལྟར་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྱོན་ཡོངས་དང་ཐ་དད་པའི་གསར་འགོད་ལམ་སྲོལ་ཞིག་གཏོད་རྒྱུའི་ཕྱོགས་སུ་གཞོལ་ཡོད་པ་དང་། རྒྱ་ནག་གིས་རང་ཁོངས་ཀྱི་གནས་ཚུལ་ལ་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་འདི་ལོར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཀའ་རྙོག་ཚབས་ཆེན་འཕྲད་བཞིན་ཡོད་སྐོར་དང་། རྒྱ་ནག་དེ་འཛམ་གླིང་ནང་གི་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དྲ་ལམ་གནས་ཚུལ་བཀག་སྡོམ་བྱེད་མཁན་ཤུགས་ཆེ་ཤོས་ཤིག་ཡིན་སྐོར་བཀོད་འདུག གཞན་ཡང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་གསར་འགོད་པ་ ༡༠༠ ལྷག་བཙོན་འཇུག་བྱས་པའི་ཁྲོད་ནས་ཕལ་ཆེ་བ་ཡུ་གུར་མི་རིགས་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་ཕྱི་ལོ་ ༢༠༡༥ ནས་བཟུང་ལོ་བཞི་བསྟུད་མར་འཛམ་གླིང་ནང་གི་གསར་འགོད་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་ ༥ དེར་གྱུར་ཡོད་ཅིང་། འདས་ལོ་ནས་བཟུང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སི་རི་ཡ་ལས་ཀྱང་ཞེ་སྡུག་ཏུ་ཕྱིན་ཏེ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༡༨༠ ཁྲོད་ནས་ཨང་རིམ་ ༡༧༧ དེར་གྱུར་ཡོད་ཅིང་། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དེ་འཛམ་གླིང་གི་ཨང་རིམ་ ༡༣༨ ཡིན་ན་ཡང་། དེའི་རྗེས་བསྟུད་མར་མར་ཆག་སྟེ་འཛམ་གླིང་གསར་འགོད་རང་དབང་གི་གཏེ་བོ་ཞིག་ཏུ་གྱུར་ཡོད་འདུག

ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནི་ཕྱི་ལོ་ ༡༩༨༥ ལོར་འཛམ་གླིང་གི་གསར་འགོད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་ཆེད་གསར་འཛུགས་བྱས་པ་ཞིག་དང་། འཛམ་གླིང་གི་རྒྱལ་ཁབ་དང་ཁུལ་ ༡༨༠ ཡི་གསར་འགོད་རང་དབང་གི་གནས་བབ་སྟོན་པའི་ཐོ་འགོད་རེའུ་མིག་དེ་(Press freedom Index) དེ་ཉིད་ཕྱི་ལོ་ ༢༠༠༢ ནས་མགོ་བཙུགས་ཏེ་ད་བར་ཆད་མེད་བཏོན་ཡོད་ཅིང་། དེ་ནི་རྒྱལ་ཁབ་དང་ཁུལ་རེ་རེའི་གསར་འགོད་རང་དབང་གི་གནས་སྟངས་དང་། གསར་འགོད་བཀག་སྡོམ་གྱི་ཁོར་ཡུག གསར་འགོད་ལས་རིགས་དང་གསར་འགོད་པར་ཁྲིམས་སྒྲིག་གི་ཚད་བཀག་ཇི་ཡོད། དེ་བཞིན་གསར་འགོད་ལས་རིགས་ལ་མཁོ་བའི་མཐུན་རྐྱེན་ཇི་ཡོད་བཅས་ལ་གཞིགས་ཏེ་རྒྱལ་ཁབ་རེ་རེར་ཨང་ཐོབ་སྤྲོད་ཀྱི་ཡོད་ཀྱང་། སྲིད་གཞུང་གིས་སྲིད་བྱུས་ལག་བསྟར་ཇི་བྱེད་ལ་གཞི་འཛིན་གྱི་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༢༡

Leave a Reply