ཀེམ་ཇོང་ཨུན་ཛ་དྲག་ནང་ལྷུང་ཡོད་པར་བཤད།

ཀེམ་ཇོང་ཨུན་དུས་ཆེན་སོགས་སུ་མཐོང་རྒྱུ་མེད་པར་བརྟེན་སྤྱི་ཚོགས་ནང་དོགས་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཁོའི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ནང་ལྷུང་ཡོད་པར་བཤད།ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་གྱི་སྤོ་པོ་སྟེ། བྱང་ཀོ་རི་ཡའི་རྒྱལ་ཁབ་གསར་འཛུགས་བྱེད་མཁན་ཀེམ་ཨེལ་སུང་ (Kim Il Sung) གྱི་སྐྱེས་སྐར་ཐོག་མཐོང་རྒྱུ་མེད་པ་དང་། སྐྱེས་སྐར་དུས་ཆེན་དེ་ནི་རྒྱལ་ཁབ་ཀྱི་དུས་ཆེན་ཆེ་ཤོས་གྲས་ཀྱི་གཅིག་ཡིན་པ་མ་ཟད། ད་སྔ་བར་ཀེམ་སྐྱེས་སྐར་དུས་ཆེན་གཅིག་ལའང་ཆད་མྱོང་མེད་པར་བརྟེན། ད་ལྟ་ཁོའི་ལུས་ཕུང་བདེ་མིན་གྱི་དོགས་སློང་བྱུང་ཡོད་པ་དང་། སྐྱེས་སྐར་གྱི་ཉིན་བཞིའི་གོང་གཞུང་འབྲེལ་ཚོགས་འདུ་ཞིག་གི་ཐོག་བསླེབས་ཡོད་འདུག

ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་བྱང་ཀོ་རི་ཡའི་ཉིན་རེའི་གསར་འགྱུར་ (Daily NK) གྱི་ནང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཀེམ་གྱི་ཐ་མག་རྒྱུན་འཐེན་བྱེད་པ་དང་ཤ་རྒྱགས་དྲགས་པ། དེ་བཞིན་ལས་ཀ་བྱེད་ཡུན་རིང་དྲགས་པ་ལ་བརྟེན་སྙིང་ཁམས་དང་འབྲེལ་བའི་སྨན་བཅོས་བྱས་ཡོད་སྐོར་དང་། ད་ལྟ་ (Hyangsan) ཟེར་བའི་རྫོང་ཞིག་གི་ནང་སྨན་བཅོས་བྱེད་ཀྱི་སྐོར་བཀོད་ཡོད་འདུག་ལ། ཀེམ་གྱི་འཕྲོད་བསྟེན་གྱི་གནས་བབ་ཅུང་ཡར་རྒྱས་ཕྱིན་སྟབས། སྨན་པ་ཉུང་ཤས་ཤིག་སྨན་བཅོས་ཆེད་བསྡད་ཡོད་པ་ལས་མང་ཤོས་ཕྱིར་རྒྱལ་སར་ལོག་ཡོད་སྐོར་བཀོད་འདུག

དེ་བཞིན་སི་ཨན་ཨན་གསར་ཁང་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨུན་ (Kim Jong Un) སྨན་བཅོས་ཆེད་གཤག་བཅོས་བྱས་རྗེས། ད་ལྟ་ཧ་ཅང་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། བྷི་ལོམ་བྷག་ (Bloomberg) གསར་ཁང་གིས་ཀྱང་ཀེམ་ལ་སྨན་བཅོས་རྗེས་གནས་སྟངས་སྡུག་ཏུ་ཕྱིན་ཡོད་སྐོར་བཀོད་ཡོད་པ་རེད།

འོན་ཀྱང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ཀེམ་དང་འབྲེལ་བའི་འཕྲོད་བསྟེན་གྱི་གནད་དོན་གང་ལའང་ཁ་མཚོན་གཅོད་དཀའ་བ་དང་། བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱུན་ལྡན་མ་ཡིན་པའི་མངོན་རྟགས་གང་ཡང་འབྱུང་གི་མེད་སྐོར་བསྒྲགས་འདུག དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་བྱང་ཀོ་རི་ཡའི་ལས་དོན་ལ་འབྲེལ་བ་ཡོད་པའི་(Chinese Communist party’s international liaison department)རྒྱལ་སྤྱིའི་འབྲེལ་མཐུད་ཚན་པས། ཀེམ་ལ་ནད་གཞི་ལྗིད་མོ་ཞིག་ཕོག་ཡོད་པའི་གནས་ཚུལ་ལ་ཡིད་ཆེས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་ཚུལ་བརྗོད་འདུག

བྱང་ཀོ་རི་ཡ་གཞུང་གིས་ཀེམ་དང་ཁོང་གི་ནང་འཁོར་གྱི་གནད་དོན་རྣམས་ཕྱིར་མི་གྱར་ཆེད་གནས་ཚུལ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། གཞུང་འབྲེལ་གྱིས་དུས་སྟོན་ཆེ་ཁག་གི་སྐབས་ཀེམ་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་མ་ཐོན་ཚེ་བཤད་ཡམས་འདྲ་མིན་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་ཀེམ་ཁྱིམ་བརྒྱུད་ལ་ཉམས་ཞིབ་པ་ཚོས་ཀྱང་ད་ལྟ་ཀེམ་ལ་ཅི་ཞིག་བྱུང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཀེམ་བརྒྱུད་ལམ་ཁག་དུ་མཐོང་རྒྱུ་མེད་པའི་ཐད་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བྱང་ཀོ་རི་ཡ་ཚན་པའི་མགོ་འཛིན་ཟུར་པ་དང་། ཉམས་ཞིབ་པ་ (Bruce Klingner) གྱིས། ཉེ་ཆར་ཀེམ་གྱི་འཕྲོད་བསྟེན་དང་འབྲེལ་ནས་ཐ་མག་དང་སྙིང་། ཀླད་པ་སོགས་ཀྱི་བཤད་ཡམས་མང་པོ་ཞིག་འབྱུང་གི་ཡོད་པ་རེད། གལ་སྲིད་ཀེམ་སྨན་ཁང་དུ་ལྷག་ཡོད་ཚེ་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དུས་ཆེན་ཐོག་མེད་པ་དེས་ལན་བཏབ་པ་རེད། འོན་ཀྱང་ལོ་མང་པོའི་རིང་ཁོང་དང་ཁོང་གི་ཨ་ཕའི་འཕྲོད་བསྟེན་དང་འབྲེལ་ནས་དཀྲོག་གཏམ་དང་བཤད་ཡམས་མང་པོ་ཞིག་བྱུང་ཡོད་པས། ང་ཚོས་སྒུག་ནས་བལྟ་རྒྱུ་ཞིག་ཡིན་པ་རེད། ཅེས་བརྗོད་འདུགཀེམ་གཞུང་འབྲེལ་བརྒྱུད་ལམ་ནས་མཐོང་རྒྱུ་མེད་པར་གྱུར་བ་ཐེངས་དང་པོ་མིན་པར། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༩ ནང་ཙམ་ནས་ཉིན་ ༤༠ ལ་མཐོང་རྒྱུ་མེད་པར་གྱུར་རྗེས། སྤྱི་ཚོགས་ཁྲོད་བྱང་ཀོ་རི་ཡའི་དམག་སྡེ་ཡིས་ཀེམ་ཕུད་ཡོད་སྐོར་དང་། ལུས་ཕུང་བདེ་ཐང་མིན་ཚུལ་སོགས་བཤད་ཡམས་སྣ་མང་བྱུང་ཡོད་ནའང་། ཕྱིས་སུ་གཞུང་འབྲེལ་གསར་ཁང་གིས་ཀེམ་ལ་ལུས་ཕུང་བདེ་མིན་ཙམ་བྱུང་བ་ཡིན་སྐོར་བརྗོད་ཡོད་པ་ལས་གནས་ཚུལ་གཞན་གང་ཡང་བརྗོད་མེད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་ཀེམ་གྱི་སྲིང་མོ་ཀེམ་ཡོ་ཇོན (Kim Yo-jon) གྱིས་ཀེམ་གྱི་རྗེས་ལ་སྲིད་དབང་འཛིན་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག དེ་ནི་ཁོང་མོར་ཀེམ་ཁྱིམ་ཚང་གི་ཁྲག་རྒྱུན་ཡོད་པ་ཙམ་མིན་པར། འདས་ལོ་ནས་བཟུང་ཁོང་མོ་གཞུང་འབྲེལ་གསར་ཁང་ནང་ཡང་ཡང་ཐོན་གྱི་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཙོ་ཁག་གི་ནང་ཀེམ་དང་ལྷན་དུ་མཉམ་ཞུགས་བྱེད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༢༡

Leave a Reply