ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་ཇོ་མོ་གླང་མར་འཛུགས་བཞིན་འདུག

རྒྱ་ནག་གཞུང་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྟེང་ནས་ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་གཏོང་རྩིས་བྱེད་ཀྱི་འདུགཁ་སང་ཕྱི་ཚེས་ ༢༡ ཉིན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༤ པ་ནས་མགོ་བཟུང་སྟེ་རི་བོ་ཇོ་མོ་གླང་མའི་སྟེང་རྒྱ་ནག་གི་ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་རྟེན་གཞི་གསུམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཇོ་མོ་གླང་མའི་རི་འཛེགས་སྒར་ས་གཙོ་བོ་བཅས་སྒར་ས་གསུམ་ལ་འཛུགས་སྐྲུན་ཚར་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་ཇོ་མོ་གླང་མར་ཁྱབ་པ་བྱེད་ཐུབ་པ་ནི་མིའི་རིགས་ཀྱི་ཚན་རིགས་ཀྱི་མདུན་སྐྱོད་ཅིག་ཡིན་པ་དང་། ད་ལྟའི་ཆར་ཇོ་མོ་གླང་མའི་སྒར་ས་ཆེན་མོ་གཙོ་བོ་དང་བར་ཐག་སྨི་ ༥༣༠༠ ཡོད་པའི་ས་ཚིགས་ཆེན་པོ་ ༣ སྟེང་འཛུགས་ཐུབ་ཡོད་ལུགས་དང་། ཕྱི་ཚེས་ ༢༥ ཉིན་ནས་ཇོ་མོ་གླང་མའི་ས་ཚིགས་ཚང་མར་འཛུགས་སྐྲུན་ཚར་ཐུབ་པ་དགོས་པ་མ་ཟད། ཇོ་མོ་གླང་མའི་བྱང་ངོས་ཀྱི་རི་འཛེགས་ལམ་ཐིག་དང་ཇོ་མོ་གླང་མའི་རི་རྩེ་སོགས་ཀྱི་དྲ་ལམ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། ཐེངས་འདིར་ཤུགས་ཚད་ ༥ ཅན་གྱིུ་སྐུད་མེད་དྲ་ལམ་འཛུགས་སྐྲུན་བྱེད་པར་རྒྱ་ནག་གི་ལས་མི་ ༡༥༠ ལྷག་གིས་དྲ་རྒྱའི་འཛུགས་སྐྲུན་ཡོ་ཆས་དང་དགོས་མཁོ་ཆེ་བའི་དངོས་ཟོག་ཏུན་ ༨ ཙམ་འབྲི་གཡག་ ༤༠ ལྷག་ལ་བཀལ་ནས་སྐྱེལ་འདྲེན་བྱས་ཡོད་པ་དང་། དྲ་རྒྱའི་སྲུང་སྐྱོང་ལེགས་སྒྲིག་མི་སྣ་ ༡༢ ཀྱིས་ས་བབ་མཐོ་ཚད་སྨི ༥༣༠༠ ཡན་གྱི་སར་ཆུ་ཚོད་ ༢༤ ལས་ཀ་བྱས་ཡོད་པ་དང་། ཇོ་མོ་གླང་མའི་རི་ངོས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་ཆེད། ཁོར་ཡུག་ལ་གཏོར་སྐྱོན་ཆུང་བའི་གློག་སྐུད་སྤྱད་ནས་བཀོད་སྒྲིག་འཛུགས་སྐྲུན་བྱས་ཡོད་སྐོར་སོགས་བརྗོད་འདུག

འདས་ལོ་ནས་བཟུང་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཧྭ་ཝེ་ཡིས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་ཁྲིམས་ལ་རྩིས་མེད་དང་། བཟོ་ཚོང་ཁང་དེས་གསར་དུ་བཟོས་པའི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་དེ་འཛམ་གླིང་ཐོག་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁྲོམ་རའི་ནང་དངོས་སུ་བཀྲམས་ཏེ་རྒྱལ་ཁབ་མང་པོའི་ནང་བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད་ཀྱང་། སྐབས་དེར་ཨ་རི་དང་རྒྱ་གར་སོགས་ཀྱིས་ངོས་ལེན་བྱས་མེད་པ་དང་།  ད་ལྟའི་ཆར་ཁ་ན་ཌ། ཨོ་སི་ཊོ་ལི་ཡ། ནེའུ་ཛི་ལེན་ཌི། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་ནས་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁ་ཡོད་པ་དང་། དྲ་བའི་ཤུགས་ཚད་ཀྱིས་ཉེ་འཁོར་གྱི་མི་དང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པའི་ཞིབ་འཇུག་འོག་ཕྱིར་སློག་དང་། ཧྭ་ཝེ་དང་འབྲེལ་ལམ་གཅོད་པ་སོགས་བྱུང་གི་ཡོད་པ་རེད།ཧྭ་ཝེ་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་ནི་སྐར་ཆ་རེར་ཇི་བྷི་ ༡༠ (10GBps) ཡན་ཡིན་པས་མྱུར་ཚད་ཧ་ཅང་མགྱོགས་ན་ཡང་། དྲ་བའི་རླབས་ཤུགས་དང་གློག་ཤུགས་ཆེ་བ་སོགས་ཀྱིས་བཀོལ་མཁན་གྱི་མི་དང་། ཁོར་ཡུག་སོགས་ལ་གནོད་སྐྱོན་ཆེན་པོ་ཡོད་པ་མ་ཟད། སྐུད་མེད་དྲ་ལམ་དེ་རྒྱུད་ནས་ཧྭ་ཝེ་བཟོ་ཚོང་ཁང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་ནས་རྒྱལ་ཁབ་གཞན་གྱི་ཚན་རྩལ་རྐུ་འཁྱེར་དང་གསང་བ་རྒྱ་ནག་གཞུང་ལ་སྤྲོད་པ་སོགས་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་དང་། ལྷག་པར་དུ་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་དང་འབྲེལ་རྒྱ་ནག་གཞུང་གིས་གནས་ཚུལ་སྦ་གསང་བྱས་པ་སོགས་ཀྱིས་རྒྱལ་ཁབ་མང་པོས་རྒྱ་ནག་དང་འབྲེལ་ལམ་ཐད་ནས་ཧྭ་ཝེ་ཡི་ཚོང་ལས་ལ་བར་ཆད་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

དེ་བཞིན་ཧྭ་ཝེ་བཟོ་ཚོང་ཁང་གིས་ཤུགས་ཚད་ ༥ པའི་སྐུད་མེད་དྲ་བ་དེ་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་གི་ས་ཁུལ་དུ་ཤུགས་ཆེན་འཐེན་ཏེ། རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་བོད་མི་དང་ཡུ་གུར་བ་སོགས་ཀྱི་སྟེང་སོ་ཉུལ་ཆེད་བཀོལ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོའི་བོད་ཁུལ་གྱི་ས་ཆ་མང་པོའི་ནང་དྲ་བ་དེ་འཛུགས་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ ༣ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དྲ་ལམ་གྱི་རྟེན་གཞི་བཟོ་སྐྲུན་གྲུབ་སྟེ་བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད་པ་མ་ཟད། སྐབས་དེར་རྒྱ་གཞུང་གིས་མ་འོངས་པར་རིམ་པས་གྲོང་གསེབ་ཁག་ཏུ་ཡང་བཙུག་སྟེ། ཞིང་འབྲོག་མང་ཚོགས་ཀྱིས་དེང་རབས་ཀྱི་མྱུར་ཚད་མཐོ་བའི་དྲ་ལམ་སྤྱོད་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༢

Leave a Reply