དཀའ་ངལ་འཕྲད་སྐབས་སེམས་ནང་གདེང་སྤོབས་ཡོད་རྒྱུ་གལ་ཆེན་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དཀའ་ངལ་དང་གནད་དོན་ག་རེ་ལ་འཕྲད་ཀྱང་སྤྱི་ཡོངས་ནས་བསམ་བློ་གཏོང་བ་དང་སེམས་ནང་གདེང་སྤོབས་ཡོད་པ་ཡིན་ན་ཞེ་སྣང་གི་བློ་མེད་པར་ཆགས་འགྲོ་བའི་བཀའ་སློབ་བསྩལ་འདུགཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཡིག་ངོ་དེབ་སྤྱི་ཚོགས་དྲ་ལམ་སྟེང། བདེ་སྐྱིད་འཚོལ་རྒྱུར་ཐབས་ལམ་གཙོ་བོ་གཉིས་ཡོད་ཞེས་པའི་བཀའ་སློབ་ཅིག་བསྩལ་གནང་ཡོད་པའི་ནང་། བདེ་སྐྱིད་འཚོལ་རྒྱུར་ཐབས་ལམ་གཙོ་བོ་གཉིས་ཡོད་པ་ལས་དང་པོ། རང་ཉིད་ཀྱི་རྒྱུད་ལ་བྱམས་བརྩེའི་བློ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བློ་འདི་བརྒྱུད་ནས་རང་སེམས་ལ་གདེང་སྤོབས་ཀྱིས་ཞེད་སྣང་གི་བློ་རྣམས་མེད་པ་ཆགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནི་དཀའ་ངལ་དང་གནད་དོན་གང་ཞིག་འཕྲད་རུང་། དོན་དངོས་ཐོག་སྤྱི་ཡོངས་ལ་བསམ་བློ་གཏོང་ཐུབ་པ་བྱེད་དགོས། ཞེས་གསུངས་འདུག

ཡང་བྱམས་པ་དང་བརྩེ་བའི་ལམ་ནས་སྤྱི་ཡོངས་དོན་དངོས་ལ་ལྟ་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས། གལ་ཏེ་བྱམས་བརྩེའི་བློ་དང་སྤྱི་ཡོངས་ཀྱི་གནད་དོན་ལ་དོན་དངོས་ལམ་ནས་གདོང་ལེན་བྱེད་རྒྱུའི་བསམ་བློ་ཟུང་དུ་སྦྲེལ་ཐུབ་ན། རང་ཉིད་ཀྱི་མི་ཚེ་འདི་བཞིན་བདེ་ཐང་དང་ཕན་རླབས་ཆེ་བ་ཞིག་ཡོང་ངེས་རེད། ཅེས་གསུངས་འདུག

ད་ལྟའི་ཆར་འཛམ་གླིང་ཡོངས་སུ་མི་གྲངས་ས་ཡ་གཉིས་ལྷག་ལ་ཏོག་དབྱིབས་ན་ཚ་ཕོག་པ་དང་། མི་གྲངས་འབུམ་གཉིས་མ་ཟིན་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱལ་ཁབ་གང་སར་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ནས་མི་རྣམས་རང་ཁྱིམ་དུ་ཡུན་རིང་སྡོད་དགོས་པའི་གནས་སྟངས་འོག  མི་མང་པོ་ཞིག་ལ་སེམས་ནང་དཀའ་ངལ་དང་འཇིགས་སྣང་། དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་སོགས་ཡོང་གི་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་བླ་ཆེན་རྣམ་པས་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་རིམ་པར་ཕེབས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་   ༡༤ ཉིན་༧གོང་ས་མཆོག་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་བཀའ་སློབ་ཅིག་གནང་བའི་ནང་། གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཁུར་མཉམ་ལེན་བྱེད་དགོས་པ་དང་།  དེ་བཞིན་སེམས་ནང་དཀའ་ངལ་མི་ཡོང་ཐབས་ལ་སྤྱི་ཡོངས་ནས་བསམ་བློ་གཏོང་དགོས་པ་སོགས་ཀྱི་སྐོར་ནས་བཀའ་སློབ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༢

Leave a Reply