ཨ་རིའི་མངའ་སྡེ་ཞིག་ནང་རྒྱ་ནག་གཞུང་ཁྲིམས་གཏུགས་བྱས།

ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་བུ་གླིང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པར་ལྟར་ཨ་རིའི་མངའ་སྡེ་མ་སུ་རི་ཡིས་རྫོང་ཁྲིམས་ཁང་དུ་རྒྱ་ནག་གཞུང་ཁྲིམས་གཏུགས་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་མ་སུ་རི་མངའ་སྡེ་ཡིས་རྫོང་ཁྲིམས་ཁང་དུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁའི་རང་བཞིན་ལ་འགན་མ་འཁུར་སྟབས། མངའ་སྡེའི་གཞུང་དང་མི་མང་ལ་མི་རྒྱུ་གཉིས་གྱོང་གུད་ཚབས་ཆེན་བྱུང་བར་དངུལ་གྱིས་གུན་གསབ་དགོས་སྐོར་གྱི་ཁྲིམས་གཏུགས་བྱེད་ཀྱི་ཡོད་འདུག་ལ། འདི་ནི་ཨ་རིའི་མངའ་སྡེ་ཞིག་གིས་རྒྱ་ནག་གཞུང་ནད་ཡམས་དང་འབྲེལ་ནས་ཁྲིམས་གཏུགས་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཁྲིམས་གཏུགས་ཡི་གེ་དེའི་ནང་། མ་སུ་རི་མངའ་སྡེ་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་མངའ་སྡེ་གཞུང་ནང་མི་མང་པོའི་ཚེ་སྲོག་ཤོར་བ་དང་། དཀའ་སྡུག་མྱོང་བཞིན་པ། དེ་བཞིན་དཔལ་འབྱོར་གྱི་བྱེད་སྒོ་མཚམས་འཇོག་བྱེད་དུ་བཅུག་པར་རྒྱ་ནག་གཞུང་གིས་གུན་གསབ་སྤྲོད་དགོས་པ་དང་། ནད་ཡམས་ཐོག་མར་བྱུང་བའི་བདུན་ཕྲག་འགའི་རིང་རྒྱ་ནག་གཞུང་གིས་མི་མང་ལ་བསླུ་བྲིད་བཏང་བ་དང་། གནས་ཚུལ་སྦས་གསང་བྱས་པ། ནད་ཡམས་ཀྱི་ཚབས་ཆེན་རང་བཞིན་ལ་ཉེན་བརྡ་གཏོང་མཁན་འཛིན་བཟུང་དང་མི་མང་ནད་ཡམས་ཕོག་སར་འགྲོ་སྐྱོད་ཀྱི་བཀག་འགོག་མ་བྱས་པ་སོགས་ལ་བརྟེན། སྔ་ས་ནས་འགོག་ཐབས་ཡོད་པའི་ནད་ཡམས་འདི་ད་ལྟ་འཛམ་གླིང་གི་ནད་ཡམས་ཆེན་པོ་ཞིག་ཏུ་གྱུར་ཡོད་སྐོར་དང་། མ་སུ་རི་མངའ་སྡེའི་མི་རྒྱུ་གཉིས་ཀྱི་གྱོང་གུད་རྣམས་རྒྱ་ནག་དམར་ཤོག་ཚོགས་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལྷན་ཁང་། རྒྱ་ནག་རྒྱལ་ཡོངས་ཛ་དྲག་ལྷན་ཁང་དང་། ཧུ་པའེ་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཝུ་ཧན་ཕྲ་འབུ་ཞིབ་འཇུག་ཁང་སོགས་ལ་འགན་ཡོད་སྐོར་བཀོད་འདུག

མ་སུ་རི་མངའ་སྡེའི་ཁྲིམས་གཏུགས་དེ་ནི་མངའ་སྡེ་དེའི་ཁྲིམས་རྩོད་པའི་སྤྱི་ཁྱབ་འགན་འཛིན་ (Eric Schmitt) ཡི་མིང་ཐོག་ནས་ཁྲིམས་གཏུགས་བྱེད་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་ཁྲིམས་གཏུགས་དེ་དང་འབྲེལ་ཁོང་གིས། ཏོག་དབྱིབས་ནད་ཡམས་ཀྱིས་མ་སུ་རི་མངའ་སྡེའི་ནང་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་རེད། མི་གྲངས་སྟོང་ཕྲག་འགར་ནད་དུག་འགོས་ཡོད་པ་དང་བརྒྱ་ཕྲག་འགའ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཁྱིམ་ཚང་མང་པོ་ཞིག་འཆི་བཞིན་པའི་རང་ཉིད་ཀྱི་གཅེས་བའི་མི་དང་ཁ་ཁར་བཞག་ཡོད་པ་རེད། དེ་བཞིན་ཚོང་ལས་ཀྱི་བྱེད་སྒོ་རྣམས་སྒོ་རྣམས་མཚམས་བཞག་པ་སོགས་ཀྱིས་མ་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། ནད་ཡམས་ཀྱི་ཉེན་ཁ་དང་དེའི་འགོས་ཁྱབ་ཆེ་བའི་རང་བཞིན་ལ་རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་རྫུན་བཤད་ཡོད་པ་དང་། ནད་ཡམས་བཀག་འགོག་བྱེད་པའི་ཐད་རྒྱ་ནག་གཞུང་གིས་ལས་ཀ་ཉུང་ངུ་ལས་བྱས་མེད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་བྱས་ཉེས་དེ་དག་ཡོད་ཚད་ཀྱི་འགན་འཁུར་དགོས་ཡོད་པ་རེད། ཅེས་བརྗོད་འདུག

ཁ་ལེ་ཧྥོར་ནི་ཡ་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་ (Chimène Keitner) ཡིས། གལ་སྲིད་ཨ་རི་གཞུང་གིས་རྒྱ་ནག་གཞུང་ཁྲིམས་གཏུགས་བྱ་འདོད་ཡོད་ཚེ། རྒྱལ་སྤྱིའི་སྡིངས་ཆ་ཐོག་ཁྲིམས་གཏུགས་བྱེད་དགོས་པ་རེད། ཨ་རིའི་ཁྲིམས་ཁང་ནང་དེ་འདྲའི་ཁྲིམས་གཏུགས་ལ་ཁྲིམས་ལུགས་ཀྱི་དབང་ཚད་མེད་པ་རེད། ཅེས་བརྗོད་འདུག

ཧྥོག་སི་གསར་ཁང་ (Fox News) གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ས་གནས་ཀྱི་ཞོགས་པ་བར་དུ་མངའ་སྡེ་དེའི་ནང་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་འདས་གྲོངས་སུ་ཕྱིན་པ་གྲངས་ ༢༡༥ དང་ནད་པ་གཏན་འཁེལ་བྱུང་བ་གྲངས་ ༥༩༦༣ བྱུང་ཡོད་འདུག་ལ། ནད་ཡམས་འགོས་ཁྱབ་མི་འགྲོ་ཆེད་ཚོང་འབྲེལ་གྱི་བྱེད་སྒོ་རྣམས་མཚམས་བཞག་པ་ལ་བརྟེན། ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༤༤ ཡི་གྱོང་གུད་ཐེབས་ཡོད་པའི་ཚོད་དཔག་བྱས་འདུགཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་བཞིན་པ་དང་བསྟུན། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱ་གར་གྱི་ཤར་ཕྱོགས་བྷི་ཧར་མངའ་སྡེའི་ཁྲིམས་རྩོད་པ་སུ་དྷིར་ཀུ་མཱར་ཨོ་ཇ་ (Sudhir Kumar Ojha) ཞེས་པ་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་སིན་ཝེ་ཏུང་གཉིས་ཁྲིམས་གཏུགས་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཨ་རིའི་ཧྥི་ལོ་རེ་དྷ་མངའ་སྡེའི་བྷོ་ཁཱ་རཱ་ཊོན་ (Boca Raton) བྷིར་མན་ཁྲིམས་ལུགས་ཚོགས་ (Berman Law Group) པས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ཐད་གུན་གསབ་སྤྲོད་དགོས་པའི་དགོས་འདུན་འོག་ཁྲིམས་གཏུགས་བྱས་ཡོད་པ་རེད། ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཨོ་ཊར་ (Uttar Pradesh) མངའ་སྡེའི་ནང་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ་ ༤༠ ལྷག་མཉམ་འབྲེལ་གྱིས། རྒྱ་ནག་དམར་ཤོག་གཞུང་དང་ཞི་ཅིན་ཕིན་གྱིས་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ཐད། མངའ་སྡེ་དེའི་ས་གནས་ཁྲིམས་ཁང་ལ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཁྲིམས་གཏུགས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་ཁྲིད་ཚོ་ཁྲིམས་གཏུགས་བྱེད་བཞིན་པའི་གནས་ཚུལ་ཐད། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྒོལ་ལན་གྱི་སྐད་ཆ་གང་ཡང་བཤད་མེད་ན་ཡང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་དང་ཁྲིམས་ལུགས་རིག་པ་བ་མང་པོས་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་དང་རྒྱ་ནག་གི་མགོ་འཁྲིད་ཚོ་ཁྲིམས་གཏུགས་བྱེད་བཞིན་པར་དངོས་སུ་གྲུབ་འབྲས་ཐོན་མི་སྲིད་ན་ཡང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྣང་བརྙན་དང་འབྲེལ་ལམ་སོགས་ཀྱི་ཐད་ནས་རྒྱ་ནག་ལ་གནོད་པ་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༢༢

Leave a Reply