འཛམ་གླིང་ནང་མུ་གེའི་དཀའ་ངལ་འཕྲད་ཉེན་ཆེ་བའི་སྙན་ཐོ་བཏོན།

རྒྱལ་ཚོགས་ཀྱི་འཛམ་གླིང་ཟས་རིགས་ལས་འཆར་ཚོགས་པའི་སྙན་ཐོ་བཏོན་ཏེ་ཆེད་མཁས་པ་དང་སྲིད་གཞུང་ཁག་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་རིམས་འདི་འགྲོ་བ་མི་དང་མིའི་ཟས་རིགས་ཀྱི་གོད་ཆག་ཅིག་ཏུ་མི་འགྱུར་བར་ལས་གཞི་རྩོམ་དགོས་པའི་འབོད་སྐུལ་ཞུས།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་འཛམ་གླིང་ནང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཆེ་བའི་རྒྱལ་ཁབ་ཁག་ནང་ཞིབ་འཇུག་གིས་སྙན་ཐོ་འདོན་བཞིན་ཡོད་པ་ལྟར། འདི་ལོར་དམིགས་བསལ་ཏོག་དབྱིབས་ནད་དུག་གིས་རྐྱེན་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་དང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ ༡༠ ཡི་མིང་ཐོ་བཏོན་ཡོད་པ་མ་ཟད། འདས་ལོར་འཛམ་གླིང་ཁྱོན་ཡོངས་སུ་ལྟོགས་སྐོམ་མྱོང་མཁན་གྱི་མི་འབོར་ས་ཡ་ ༡༣༥ ནས་ད་ལོར་མི་འབོར་ས་ཡ་ ༢༥༠ ཆགས་རྒྱུ་ཡིན་སྟབས། འཛམ་གླིང་ནང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྒྱལ་ཚོགས་ཀྱི་འཛམ་གླིང་ཟས་རིགས་ལས་འཆར་གྱི་འགན་འཛིན་ཌེ་ཝི་ཌི་(David Beasley)ལགས་ཀྱིས། འཛམ་གླིང་གིས་ད་ལྟ་ཛ་དྲག་གི་ཐབས་ལམ་ཞིག་བཙལ་ནས་མུ་གེའི་དཀའ་ངལ་འདི་སེལ་ཐབས་བྱ་དགོས་པ་རེད། ད་ལྟ་འཛམ་གླིང་རྒྱལ་ཁབ་བཅུ་ལ་བཀྲེས་ལྟོགས་ཀྱི་ཉེན་ཁ་ཆེ་རྐྱེན་ནི་དམག་འཁྲུག་དང་དཔལ་འབྱོར་གྱི་དཀའ་ངལ། དེ་བཞིན། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་ཤུགས་རྐྱེན་ཡིན་པ་རེད། ཅེས་བརྗོད་འདུག

འཛམ་གླིང་ཟས་རིགས་ལས་འཆར་ཚོགས་པས་བརྗོད་པ་ལྟར་ན། ད་ལྟ་འཛམ་གླིང་ནང་མུ་གེའི་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཁག་བཅུ་ནི། ཡ་མན་(Yemen)དང་ཁོན་གྷོ་སྤྱི་མཐུན་རྒྱལ་ཁབ་(Congo)། ཨ་ཧྥི་གྷ་ནི་སི་ཐན། ཝི་ནེ་ཛོ་ལཱ་(Venezuela)། ཨི་ཐོ་པེ་ཡ་(Ethiopia)། ལྷོ་སོ་ཌན་དང་སོ་ཌན། སི་རི་ཡ། དེ་བཞིན། ནེའུ་ཇི་རེ་ཡ་(Nigeria)དང་ཧཱ་ཊི་ (Haiti)བཅས་ཆགས་ཀྱི་ཡོད་པ་དང་། ཏོག་དབྱིབས་ནད་དུག་མ་བྱུང་སྔོན་ནས་ཨ་ཧྥེ་རི་ཁའི་ཤར་ཕྱོགས་རྒྱལ་ཁབ་དང་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་ཐན་པ་བྱུང་སྟེ་ཟས་རིགས་ཐོག་དཀའ་ངལ་བཟོས་ཡོད་སྟབས། ད་ལྟའི་རིམས་ནད་སྔོན་འགོག་དང་འབྲེལ་འཛམ་གླིང་ནང་མི་མང་གི་འཚོ་བར་མཁོ་བའི་ཞིང་ལས་སོགས་མཚམས་འཇོག་བྱས་རྐྱེན་འོག ད་ལྟ་འཛམ་གླིང་ནང་ཟས་རིགས་ཀྱིས་མདང་གི་མེད་པའི་དཀའ་ངལ་དེ་ཆེ་རུ་འགྲོ་ཡི་ཡོད་འདུགཡང་འཛམ་གླིང་ཟས་རིགས་ལས་འཆར་འགན་འཛིན་ཌེ་ཝི་ཌི་ལགས་ཀྱིས། ད་ལྟ་ང་ཚོས་ཐབས་ལམ་ཡག་པོ་ཞིག་མགྱོགས་མྱུར་ལག་བསྟར་མ་བྱས་ཚེ། ཟླ་འགའི་ནང་ཚུད་དུ་ང་ཚོར་མུ་གེའི་གོད་ཆག་རིམ་པ་ཞིག་འཕྲད་སྲིད་རྒྱུ་རེད། རྒྱུ་མཚན་ནི་ད་ལྟ་ང་ཚོར་དུས་ཚོད་ལྷག་མི་འདུག ཅེས་བརྗོད་པ་མ་ཟད། འཛམ་གླིང་གི་ཆེད་མཁས་པ་དང་སྲིད་གཞུང་ཁག་མཉམ་འབྲེལ་གྱིས། ཏོག་དབྱིབས་ནད་རིམས་འདི་འགྲོ་བ་མི་དང་མིའི་ཟས་རིགས་ཀྱི་གོད་ཆག་ཅིག་ཏུ་མི་འགྱུར་བར་ལས་གཞི་རྩོམ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

འཛམ་གླིང་ཟས་རིགས་ལས་འཆར་འགན་འཛིན་ཌེ་ཝི་ཌི་ལགས་ལྟར་ན། གལ་སྲིད་རྒྱལ་ཚོགས་ཀྱིས་རོགས་སྐྱོར་དང་ཟས་རིགས་མཁོ་སྤྲོད་ཀྱི་ལས་གཞི་རྩོམ་མ་ཐུབ་ཚེ། འབྱུང་འགྱུར་ཟླ་འགའི་ནང་འཛམ་གླིང་མི་མང་ས་ཡ་ ༣༠ བཀྲེས་ལྟོགས་ཀྱི་དཀའ་ངལ་འོག་འཆི་ཉེན་ཡོད་པ་དང་། ད་ལྟའི་ནད་ཡམས་ཀྱི་དཀའ་ངལ་འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འགྲོ་བ་མིར་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག

འདས་ལོར་འཛམ་གླིང་ཟས་རིགས་ལས་འཆར་གྱི་སྙན་ཐོ་ལྟར་ན། འཛམ་གླིང་རྒྱལ་ཁབ་ ༥༣ ནང་གི་མི་མང་ས་ཡ་ ༡༡༣ ཙམ་ལ་ཉིན་རེའི་ཟས་བཅུད་མ་འདང་བ་དང་འཚོ་བར་རམ་འདེགས་དགོས་པའི་ཞིབ་འཇུག་གྲུབ་ཐོན་བཏོན་པ་དང་། ལྷོ་སོ་ཌན་གྱི་མི་མང་བརྒྱ་ཆ་ ༦༡ ལ་ཟས་རིགས་ཀྱིས་མ་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༢

Leave a Reply