མཐོ་རིམ་སློབ་མ་ ༢༠༠ ལ་ཁང་གླ་སོགས་ཀྱི་ཐོག་རོགས་རམ་གནང་འཆར་འདུག

འདི་ལོར་བོད་ནང་ལ་ཁྱོན་མི་གྲངས་༨༦༦ ལ་ནད་ཡམས་འགོས་ཡོད་པའི་ཁྲོད་བོད་མི་ ༡༠༦ ཡོད་པ་རྣམས་ཚང་མ་དྲག་སྐྱེད་བྱུང་སྐོར་བརྗོད་པ་དེ་མི་སྲིད་པ་ལྟ་བུ་ཞིག་ཡིན་སྐོར་གསུངས་སོང་།དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་ནས་བརྙན་ལམ་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སྟེ། བོད་ཕྱི་ནང་གཉིས་ཀྱི་ཏོག་དབྱིབས་ནད་པའི་གནས་སྟངས་དང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོགསློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་སླད་ལས་རིམ་བརྩམས་དང་རྩོམ་བཞིན་ཡོད་སྐོར་དང་། དེ་བཞིན་བོད་རིགས་མཐོ་རིམ་སློབ་མ་ ༢༠༠ ཞིག་ལ་ཁང་གླའི་རོགས་རམ་གནང་འཆར་ཡོད་པའི་སྐོར། དེ་བཞིན་ཉེ་སྔོན་བོད་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་འདས་གྲོངས་སུ་ཕྱིན་པར་དྲ་ལམ་བརྒྱུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་སྐོར་སོགས་བསྒྲགས་གནང་སོང་།

སྐབས་དེར་བོད་ནང་གི་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་སྟངས་སྐོར་ལ་སྲིད་སྐྱོང་མཆོག་གིས། རྩ་བའི་བོད་ནང་ཏོག་དབྱིབས་ནད་དུག་ག་ཚོད་ཅིག་འགོས་ཁྱབ་ཕྱིན་ཡོད་མེད་སྐོར་གྱི་གནས་ཚུལ་རྟོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲགས་འདུག འོན་ཀྱང་། ང་ཚོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ཡིག་ཚན་པས་བོད་ནང་གི་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་ཕྱོགས་བསྒྲགས་བྱས་ཡོང་དུས། བོད་ཆོལ་ཁ་གསུམ་ནང་ཁྱོན་མི་གྲངས་ ༨༦༦ ལ་ནད་ཡམས་དེ་འགོས་འདུག་ཟེར་གྱི་ཡོད་པ་དང་། དེའི་ནང་ནས་བོད་མི་ ༡༠༦ ལ་ཏོག་དབྱིབས་ནད་འགོས་འདུག་མོད། ཡ་མཚན་པ་ཞིག་ལ་འགོས་ནད་ཕོག་པའི་བོད་མི་ ༡༠༦ དྲག་སྐྱེད་བྱུང་ཡོད་ཟེར་བ་ནི་ཡིན་མི་སྲིད་པ་ཞིག་རེད།

གནས་ཚུལ་འདི་ཕྱི་ཟླ་ ༣ ཚེས་ ༡༧ གོང་གི་གནས་ཚུལ་རེད། དེའི་རྗེས་རྒྱ་ནག་ནང་དང་དམིགས་བསལ་བོད་ནང་དམ་དྲག་ཤུགས་ཆེན་པོ་བྱས་ཡོང་དུས། གནས་ཚུལ་རྟོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲགས་འདུག བོད་ནང་ཏོག་དབྱིབས་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག་ལ། བོད་མིའི་དོན་གྱི་བདག་པོ་བོད་ནང་གི་བོད་མི་ཡིན་པ་དང་། བོད་ནང་གི་བོད་མི་ཚོར་དུས་རྒྱུན་དུ་དཀའ་ངལ་དང་དམ་དྲག་ཆེན་པོ་ཡོད་པ་མ་ཟད། ཉེ་བའི་ཆར་ནས་བོད་ནང་དམ་དྲག་གི་གནས་སྟངས་ཇེ་ཆེར་ཕྱིན་པའི་གནས་ཚུལ་ཐོས་ཡོང་གི་འདུག དེར་བརྟེན། བོད་མི་ཚང་མས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་གནང་རོགས་ཞུ་རྒྱུ་དང་སྦྲགས། གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བོད་མི་ ༡༠༠ ལྷག་ལ་ནད་ཡམས་འགོས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་པ་དང་། ཉེ་སྔོན་རང་ནེའུ་ཇེ་སིའི་ནང་བོད་མི་ ༥ ལ་ནད་ཡམས་འགོས་ཡོད་སྐོར་དང་། བོད་མི་ཚོས་འཕྲོད་བསྟེན་བདེ་འཇགས་ཐོག་ཐུགས་གཟབ་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་འབོད་སྐུལ་ཞུས་གནང་སོང་བ་མ་ཟད། ཡོང་རྒྱུ་བསྡད་པའི་ཕྱི་ཟླ་ ༥ ནང་རྒྱ་གར་མི་མང་ས་ཡ་ ༡༣༠༠ ཞིང་ལས་དང་འབྲེལ་ཕྱིར་ཐོན་གྱི་ཡོད་ཀྱང་། བོད་མི་ཚོ་ནད་ཡམས་སྔོན་འགོག་དང་འབྲེལ་ཕྱིར་འཐོན་རྒྱུ་མེད་སྐོར་སོགས་གསུངས་སོང་།དེ་ནས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། ད་རེས་རྒྱ་གར་དབུས་སའི་གཞུང་གི་ཁྱིམ་སྡོད་བཀའ་ཁྱབ་འོག ཏོག་དབྱིབས་ནད་དུག་སྔོན་འགོག་དང་འབྲེལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་ཀྱང་། ཤེས་རིག་ལས་ཁུངས་ངོས་ནས་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་སླད་མཐུན་འགྱུར་ག་རེ་ཞུས་ཡོད་མེད་སྐོར་གསུངས་དོན། གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་སླད་བོད་ཡིག་སློབ་སྦྱོང་དྲ་ཚིགས་ (https://bodyiglobjong.com/)ཞེས་པའི་སྟེང་། གཞི་རིམ་འོག་མའི་འཛིན་རིམ་དང་པོ་ནས་ལྔ་བའི་དབར་གྱི་རྩིས་རིག་དང་ཚན་རིག བོད་ཡིག་བཅས་སློབ་ཚན་གསུམ་སློབ་འཁྲིད་ཀྱི་བརྙན་ལམ་བརྒྱུད་གཟིགས་ཐུབ་ཀྱི་ཡོད་པ་དང་། ད་དུང་དྲ་ཚིགས་དེའི་ནང་སྒྲུང་ལ་སོགས་པའི་གཞི་རིམ་འོག་མའི་སློབ་ཆས་མང་པོ་ཞིག་ཡོད་སྐོར་དང་། དེ་ནས་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སླད་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་གྱི་མཐུན་འགྱུར་འོག་དྲ་ཐོག་ནས་བོད་ཡིག་དང་ཚན་རིག དེ་བཞིན་རྩིས་རིག་བཅས་ཀྱི་སློབ་འཁྲིད་ཀྱི་མཐུན་འགྱུར་དང་དྲ་ཐོག་སློབ་འཁྲིད་དེར་ལྟ་ཉན་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དང་། གཞི་རིམ་བར་མའི་སློབ་མ་ཚོར་དྲ་རྒྱའི་མཐུན་རྐྱེན་གྱི་དཀའ་ངལ་སེལ་སླད། དྲ་ཐོག་སློབ་ཚན་དེ་བརྙན་འཕྲིན་སྐུད་ལམ་བརྒྱུད་ལྟ་སླ་བར་བཟོས་ཡོད་སྐོར། དེ་བཞིན། གཞི་རིམ་གོང་མའི་སློབ་ཕྲུག་ཚོའི་སླད་སློབ་འཁྲིད་ཀྱི་ཐབས་ལམ་ཞིག་མགྱོགས་མྱུར་ལག་བསྟར་བྱེད་འཆར་ཡོད་པ་དང་། གཞི་རིམ་གོང་མའི་སློབ་མ་ཚོར་སྐད་ཡིག་གི་རྨང་གཞི་ཡག་པོ་ཡོད་སྟབས། ད་ལྟ་སློབ་གྲྭ་འཚོག་ས་མེད་ནའང་རྒྱ་གར་ཤེས་རིག་ལས་ཁུངས་ཀྱི་དྲ་ཐོག་ནས་ཀློག་དཔེ་ཕབ་ལེན་གྱིས་སོ་སོས་འབད་བརྩོན་བྱས་ཏེ་རང་སྦྱོང་གནང་བའི་འབོད་སྐུལ་སོགས་ཞུས་གནང་སོང་། གཞན་ཡང་རྒྱ་གར་གྱི་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་མ་ཚོར་ཁྱིམ་སྡོད་བཀའ་ཁྱབ་འོག ཁང་གླ་དང་ཕ་མར་འབྲེལ་མཐུད་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོད་རིགས་སློབ་མ་༢༠༠ ལ་རོགས་སྐྱོར་གནང་འཆར་ཡོད་སྐོར་སོགས་བརྗོད་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༤

Leave a Reply