རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༣༠ སྤྲོད་རྒྱུ་ཡིན་འདུག

རྒྱ་ནག་གཞུང་དམངས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱབ་སྐྱོར་དང་ཡིད་ཆེས་མཚོན་ཆེད་རྒྱ་ནག་གིས་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༣༠ སྤྲོད་ཀྱི་ཡིན་ཟེར།

དེ་རིང་ཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཨ་རིས་གནས་སྐབས་རིང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་ནས་ཉིན་ཤས་མ་འགོར་བར། དེ་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་འགུལ་ཆེད་བསྐྱར་དུ་ཨ་སྒོར་ས་ཡ་ ༣༠ སྤྲོད་རྒྱུ་ཡིན་འདུག

གནས་ཚུལ་དེའི་སྐོར་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang) ཟེར་བས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གིས་གོ་ལའི་ཏོག་དབྱིབས་རིམས་ནད་ འཐབ་རྒོལ་ལས་གཞི་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འཕྲོད་བསྟེན་ཚན་པ་སྲ་བརྟན་ཡོང་ཆེད། དེ་སྔོན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༢༠ སྤྲད་ཡོད་པའི་ཐོག་ལ། ད་དུང་ཨ་སྒོར་ ༣༠ སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་པ་མ་ཟད། དེ་ནི་རྒྱ་ནག་གཞུང་དམངས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱབ་སྐྱོར་དང་ཡིད་ཆེས་མཚོན་གྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག

འདས་པའི་བདུན་ཕྲག་འགའི་རིང་ནས་སྲིད་འཛིན་ཊོམ་ཕུ་གཙོས་ཨ་རིའི་ཆེས་མཐོའི་མགོ་འཁྲིད་དང་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཏོག་དབྱིབས་རིམས་ནད་སྟངས་འཛིན་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། དེ་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ངོས་ནས་ཀྱང་རིམས་ནད་འདིར་སྟངས་འཛིན་ལེགས་པོ་བྱས་མེད་པ་མ་ཟད། ནད་ཡམས་ཀྱི་ཛ་དྲག་རང་བཞིན་སྦས་གསང་བྱས་ཡོད་སྐོར་བརྗོད་དེ། ཨ་རིས་ལོ་ལྟར་འཕྲོད་བསྟེན་ལྷན་ཚོགས་ལ་འབུལ་བཞིན་པའི་རོགས་དངུལ་གནས་སྐབས་རིང་སྤྲོད་མཚམས་འཇོག་རྒྱུའི་ཐག་གཅོད་དང་། འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་འགུལ་ཆེད་ཨ་སྒོར་ས་ཡ་ ༢༠ སྤྲད་ཡོད་ཀྱང་། ཨ་རི་གཙོས་པའི་ནུབ་གླིང་གི་རྒྱལ་ཁབ་མང་པོས་མ་དངུལ་དེ་ནི་ལྷན་ཚོགས་ཀྱི་རིམས་ནད་སྔོན་འགོག་ལས་འགུལ་གྱི་མ་དངུལ་བསྡོམས་འབོར་གྱི་བརྒྱ་ཆ་ ༣ ཙམ་ལས་ལོངས་ཀྱི་མེད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རེ་འགས་ད་ཐེངས་རྒྱ་ནག་གིས་ལྷན་ཚོགས་ལ་ཉུང་མཐར་ཡང་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་འཛུགས་མ་དངུལ་གྱི་ཕྱེད་ཀ་ཙམ་སྤྲོད་དགོས་པའི་གླེང་སློང་བྱུང་ཡོད་པ་རེད།

སྤྱིར་ཨ་རི་ནི་འཕྲོད་བསྟེན་ལྷན་ཚོགས་དེར་རོགས་དངུལ་སྤྲོད་མཁན་ཆེ་ཤོས་ཡིན་པ་དང་། འདས་ལོར་ཨ་རིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༤༠༠ ལྷག་གི་རོགས་དངུལ་སྤྲད་ཡོད་པ་དང་། དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱལ་ཁབ་ཅིག་གིས་སྤྲད་པའི་མ་དངུལ་མཐོ་ཤོས་དེ་ཡིན་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་ལྷན་ཚོགས་ཀྱི་མ་དངུལ་ཁྲོད་ནས་བརྒྱ་ཆ་ ༡༤།༦༧ ལྷག་ཨ་རིས་སྤྲོད་བཞིན་ཡོད་པ་དང་། དེའི་རྗེས་འཛམ་གླིང་གི་ཕྱུག་བདག་བྷིལ་གེ་ཊི་དང་མ་ལིན་ཌ་ཐེབས་རྩས་(Bill and Melinda Gates Foundation) བརྒྱ་ཆ་ ༩།༧༦ དང་། ཇི་ནི་ཝར་རྟེན་གཞི་བྱས་པའི་(GAVI Alliance)ཞེས་པའི་ཚོགས་པ་དང་། དབྱིན་ཡུལ་གྱིས་བརྒྱ་ཆ་ ༧།༧༩ དང་། འཇར་མ་ནིས་བརྒྱ་ཆ་ ༥།༦༨ བཅས་ཡིན་པ་དང་། འོན་ཀྱང་རྒྱ་ནག་གིས་ད་བར་བརྒྱ་ཆ་ ༠།༢༡ ལས་སྤྲད་མེད་པ་དང་། དེ་ནི་རྒྱ་གར་(༠།༤༨)དང་པཱ་ཀི་སི་ཐན་(༠།༣༦) ལས་དམའ་བ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༢༣

Leave a Reply

2 thoughts on “རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༣༠ སྤྲོད་རྒྱུ་ཡིན་འདུག

  1. གནས་ཚུལ་དེའི་སྐོར་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang) ཟེར་བས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གིས་གོ་ལའི་ཏོག་དབྱིབས་རིམས་ནད་ འཐབ་རྒོལ་ལས་གཞི་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འཕྲོད་བསྟེན་ཚན་པ་སྲ་བརྟན་ཡོང་ཆེད། དེ་སྔོན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༢༠ སྤྲད་ཡོད་པའི་ཐོག་ལ། ད་དུང་ཨ་སྒོར་ ༣༠ སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་པ་མ་ཟད། དེ་ནི་རྒྱ་ནག་གཞུང་དམངས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱབ་སྐྱོར་དང་ཡིད་ཆེས་མཚོན་གྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག

    རྒྱ་ནག་གི་ཨ་སྒོར་གསུམ་བཅུ་ལས་སྤྲད་མེད་ན་དེའི་ཕྲོད་བསྟན་ལྷན་ཚོགས་ནས་རྒྱ་ནག་ལ་ཐུགས་རྗེས་ཆེ་ཞུ་རྒྱུ་ཁ་པར་བཏོང་གླ་ལས་གཞན་ཕན་མི་ཐོག། གང་ལྟར་གནས་ཚུལ་བཀོད་དུ་ཚིག་རེ་རེ་ལ་ཡང་ཟབ་ཟབ་བྱས་དགོས་འདུག།