ཤིན་ཅང་གི་མཐོ་རིམ་མགོ་འཁྲིད་གཉིས་ལས་གནས་ནས་ཕུད།

རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་པ་དང་དམར་ཤོག་ཚོགས་པར་བློ་མི་དཀར་བའི་ཉེས་མིང་འོག་ཤིན་ཅང་གི་མགོ་འཁྲིད་གཉིས་གནས་དབྱུང་བཏང་འདུགཟླ་འདིའི་ཕྱི་ཚེས་ ༢༣ ཉིན། རྒྱ་ནག་གཞུང་འབྲེལ་དམར་ཤོག་ཚོགས་པའི་གསར་འགྱུར་ཟེར་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་མཱ་ཧེ་མའུ་ཊི་ཅཱན་བྷ་ལཱ་ཊི(Mahemu Tijiang Balati)དང་། ཤིན་ཅང་མདོག་ལྡན་ལྕགས་རིགས་བཟོ་ལས་ཁང་གི་འགན་འཛིན་གཞོན་པ་ཞའེ་ཚུན་ཡཱན(Xu Cunyuan)གཉིས་ལ་ཞིབ་བཞེར་བྱས་རྗེས་ལས་གནས་ནས་ཕུད་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། མཐོ་རིམ་མགོ་འཁྲིད་དེ་གཉིས་ལ་ཞིབ་བཤེར་བརྒྱུད། ཁོ་གཉིས་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་ཏང་གཤིས་ཀྱི་རྩ་དོན་གང་ཡང་མེད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱེད་པ། དམར་ཤོག་ཚོགས་པའི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བ་དང་འགལ་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་གཏན་ནས་མེད་པ། ཏང་ནང་ཁུལ་དུ་ཤོག་ཁག་སྒྲིག་པ་དང་། ཆབ་སྲིད་གནས་སྟངས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་སྐོར་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པས་ཏོག་དབྱིབས་རིམས་ནད་དང་བསྟུན། དམར་ཤོག་ཚོགས་པ་ནང་ཁུལ་གྱི་དཔོན་རིགས་ཁག་གི་ལས་དོན་བྱེད་ཕྱོགས་ལ་ཡིད་གཟབ་དང་ཞིབ་དཔྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཐེངས་འདིར་ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་དང་བསྟུན་ནས་ཤིན་ཅང་རང་སྐྱོང་ཁུལ་དུ་ཏང་ལ་ལྷག་བསམ་མེད་པ་དང་། ལྐོག་རྔན་སོགས་བྱས་པའི་ཉེས་མིང་འོག་མགོ་འཁྲིད་ལས་གནས་ནས་ཕུད་ཐེངས་ ༤ པ་ཆགས་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༧ ཉིན་ཤིན་ཅང་རང་སྐྱོང་ཁུལ་གྱི་ཞིང་ལས་འགན་འཛིན་གཞོན་པ(艾克拜尔•吾甫)དང་། སོག་རིགས་རང་སྐྱོང་ཁུལ་གྱི་དྲིལ་བསྒྲགས་འགན་འཛིན་(党峰)གཉིས་ལ་ཡང་། ཏང་གཤིས་མེད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་མི་བརྟན་སྐོར་བརྗོད་ནས་གནས་འབྱུང་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་དམར་ཤོག་ཚོགས་པས་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་སྤེལ་མགོ་བཙུགས་སྐབས། ཏང་གི་མགོ་འཁྲིད་ཚོར་ཆེད་དམིགས་འགྲེམས་སྤེལ་བྱས་པའི་གཏན་འབེབ་དོན་ཚན་བརྒྱད་ཅེས་པའི་ནང་། གཞུང་གི་དཔོན་རིགས་ཚོས་ལྐོག་རྔན་དང་ལྐོག་ཟ་བྱེད་མི་ཆོག་པ་དང་། གཞུང་དངུལ་སྤྱོད་མི་ཆོག་པ་སོགས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་པ་སོགས་མེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་སྐོར་ཟེར་བ་ནི་དམར་ཤོག་ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་འདོད་མོས་མེད་པའི་འགྱུར་ཞིག་ལ་གོ་དགོས་པ་དང་། འདི་ལོར་ཤིན་ཅང་ནང་ཕྱིར་ཕུད་བཏང་བའི་མགོ་འཁྲིད་ཚང་མར་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་པ་དང་ཏང་ལ་ལྷག་བསམ་རྣམ་དག་མིན་པའི་ནག་ཉེས་གཡོགས་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༤

Leave a Reply