ཁུང་ཙི་ལྟེ་གནས་ཁང་ཚང་མ་སྒོ་རྒྱག་མཁན་ཡུ་རོབ་ཀྱི་རྒྱལ་ཁབ་ཐོག་མ་སི་ཝེ་ཌན།

སི་ཝེ་ཌན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་དང་རྒྱའི་རིག་གནས་རྒྱ་སྐྱེད་གཏོང་བའི་ཁུང་ཙི་ལྟེ་གནས་ཚང་མ་སྒོ་རྒྱག་གཏན་འཁེལ་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གི་རྐྱེན་པས། རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཁ་སང་ཡུ་རོབ་རྒྱལ་ཁབ་སི་ཝེ་ཌན་གཞུང་གིས། རྒྱལ་ཡོངས་ཀྱི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པའི་ཐག་གཅོད་གནང་སྟེ། ཡུལ་དེའི་ནང་རྒྱ་ནག་གི་ཤན་ཤུགས་ཐེབས་རྒྱུར་སྟངས་འཛིན་ནན་པོ་གནང་རྒྱུ་ཡིན་སྐོར་བརྗོད་འདུག

དབྱིན་ཡུལ་གྱི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། སི་ཝེ་ཌན་ནི་ཡུ་རོབ་ནང་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ཚང་མ་སྒོ་རྒྱག་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་སི་ཝེ་ཌན་གྱི་མི་སེར་ཡིན་པའི་རྒྱ་རིགས་དཔེ་འཚོང་བ་ཀེ་མིན་ཧེ་ (Gui Minhai)ཟེར་བ་ཞིག་འཛིན་བཟུང་བྱས་པ་ནས་བཟུང་། ཡུལ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་སྟབས། སི་ཝེ་ཌན་གཞུང་གིས་ཡུལ་དེའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཏུ་རྒྱ་ནག་གཞུང་གིས་ལམ་སྟོན་དང་རྒྱབ་སྐྱོར་བྱེད་བཞིན་པའི་ཁུང་ཙི་ལྟེ་གནས་ཁང་དང་རྒྱའི་རིག་གནས་འཛིན་གྲྭརྣམས་བསྟུད་མར་སྒོ་བརྒྱབ་ཡོད་འདུག

རྒྱ་རིགས་དཔེ་འཚོང་བ་ཀེ་མིན་ཧེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་ཡོད་ཀྱང་རྒྱ་ནག་གིས་ཀློད་མེད་པ་མ་ཟད། རྒྱ་ནག་གིས་སི་ཝེ་ཌན་གྱི་ཚོང་འབྲེལ་དམ་དྲག་བྱས་ཡོད་པ་རེད། དེར་བརྟེན། སི་ཝེ་ཌན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱ་རིགས་དཔེ་འཚོང་བ་ཀེ་མིན་ཧེ་ལགས་སུ་ཕྱི་ལོ་ ༢༠༡༩ ལོའི་གཉའ་གནོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་(Tucholsky)ཕུལ་ཡོད་འདུག་ལ། སི་ཝེ་ཌན་དང་རྒྱ་ནག་བར་དཔལ་འབྱོར་དང་ཆབ་སྲིད་སོགས་རྒྱ་ཆེ་ས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག

ཧྥིན་ལན་ཌིའི་ནང་རྟེན་གཞི་བྱས་པའི་དམངས་གཙོའི་འཐབ་རྩོད་པ་ལི་ཧྥན་(Li Fang)ལགས་ཀྱིས། ཉེ་སྔོན་བརྙན་འཕྲིན་གསར་ཁང་ཞིག་བརྒྱུད་རྒྱ་ནག་གཞུང་གིས་ཁུང་ཙི་ལྟེ་གནས་ཁང་བརྒྱུད་དམར་ཤོག་ཚོགས་པའི་ལྟ་གྲུབ་རྒྱ་ཁྱབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ཁུང་ཙི་སློབ་འཁྲིད་ལག་བསྟར་བྱེད་པའི་དགེ་རྒན་ཞིག་གིས་ཁུང་ཙི་ལྟེ་གནས་ནི་རྒྱ་ནག་གིས་སོ་སོའི་ལྟ་གྲུབ་དང་ཤན་ཤུགས་ཁྱབ་བརྡལ་བྱས་ཏེ། རྒྱ་ནག་གི་ཞི་འཇམ་གྱི་སྟོབས་ཤུགས་བསྐྲུན་བཞིན་ཡོད་པ་བཤད་ཡོད། ཅེས་བརྗོད་ཡོད་པ་རེད།

འདས་ལོར་སི་ཝེ་ཌན་གྱི་(Luleå)གཙུག་ལག་སློབ་གྲྭ་ཆེན་མོས། ཁུང་ཙི་ལྟེ་གནས་ཁང་གི་དབུས་ལས་ཁུངས་ཧན་བྷན་(Hanban)ལ་འབྲེལ་ལམ་མཚམས་འཇོག་བྱས་ཡོད་པ་དང་། ཨ་རིའི་ཉེན་ཡོལ་ཆབ་སྲིད་ལམ་སྟོན་པ་རོ་སི་(Ross Feingold)ལགས་ཀྱིས། སི་ཝེ་ཌན་གཞུང་གིས་ཁུང་ཙི་ལྟེ་གནས་ཁང་ཁག་སྒོ་རྒྱག་གི་ཡོད་པ་དེ་ནི་སི་ཝེ་ཌན་གྱིས་རྒྱ་ནག་ཐོག་གི་ཆབ་སྲིད་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད།

ཁུང་ཙི་ལྟེ་གནས་ཀྱི་སྤྱི་ཁྱབ་ཡིག་ཚང་ཧན་བྷན་གྱིས་ཕྱི་ལོ་ ༢༠༡༨ ལོར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཁུང་ཙི་ལྟེ་གནས་ཁང་ཁྱོན་ ༥༤༨ དང་སློབ་འཁྲིད་འཛིན་གྲྭ་ཁྱོན་ ༡༡༩༣ ཡོད་ཅེས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོར་གནས་ཚུལ་ཡར་ཞུ་བྱས་ཡོད་འདུག

ད་ལྟའི་ཆར་ཨ་རི་དང་དབྱིན་ཡུལ། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས། ཁུང་ཙི་ལྟེ་གནས་ཁང་གི་རྒྱབ་ཏུ། རྒྱ་ནག་དམར་ཤོག་ཚོགས་པས་ཆབ་སྲིད་ཀྱི་ལྟ་གྲུབ་དྲིལ་བསྒྲགས་བྱས་ཏེ་སོ་སོའི་མངོན་འདོད་སྒྲུབ་ཐབས་བྱེད་བཞིན་ཡོད་པའི་གཡོ་བྱུས་ཤེས་རྟོགས་བྱུང་ཡོད་སྟབས། ཁུང་ཙི་ལྟེ་གནས་དང་འབྲེལ་བའི་ལས་གཞི་ཁག་མང་པོ་ཞིག་རིམ་གྱིས་སྒོ་རྒྱག་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༤

Leave a Reply

2 thoughts on “ཁུང་ཙི་ལྟེ་གནས་ཁང་ཚང་མ་སྒོ་རྒྱག་མཁན་ཡུ་རོབ་ཀྱི་རྒྱལ་ཁབ་ཐོག་མ་སི་ཝེ་ཌན།

  1. བུད་དབང་ངག་དབང་བྱང་ཆུབ།

    དེང་སང་ཡུ་རོབ་ཁུལ་དུ་རྒྱ་ནད་ཏོག་དབྱིབ་ཀྱིས་དཀའ་ངལ་ཆེན་པོ་བཟོས་ཙང་ཞི་ནས་རྒྱ་དམར་ལ་མི་འདོད་པ་ཆེན་པོ་ཡོང་བ་ཆོས་ཉིད་ཡིན།
    ང་ཚོ་བོད་པས་འཛམ་གླིང་རྒྱལ་ཁབ་སུ་ལ་རེ་འབོད་ཞུས་ཀྱང་ཡིད་ཆེས་བྱེད་མཁན་ཉིན་མོའི་སྐར་མ་ལྟ་བུ་ཡིན། རྒྱ་དམར་གྱི་མཁས་འཇམ་སླུ་བྲིད་ལ་
    མགོ་བོ་མི་འཁོར་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། དེང་དུས་རྒྱ་དམར་ནས་མགོ་ཐར་ན་སྤུང་པ་རྒྱུ་ས་ཡོད་མེད་ལྟ་བ་ཕྲན་བུ་ངོས་ཟིན་པ་འདྲ།
    ད་དུང་བསལ་པོ་ཆག་པ་ཁག་ཙམ་རེད་བསམ་གྱི་འདུག།