༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་གཙི་དང་ཀློད་གྲོལ་དགོས་པའི་འབོད་སྐུལ།

བོད་མིའི་སྒྲིག་འཛུགས་ནས་ཟླ་གཅིག་རིང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆ་འདྲ་མིན་སྟེང་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་(James McGovern) མཆོག་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ནས། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མི་སྒེར་སོགས་ཀྱིས་དྲ་ལམ་ཁག་ཏུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་དང་རྒྱ་ནག་གཞུང་གིས་ཁོང་ཀློད་གྲོལ་དགོས་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མི་ཚོ་གཙོས་བོད་དོན་ཐོག་སེམས་ཁུར་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་སྒེར་བཅས་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་ཀློད་གྲོལ་སླད་ཞུ་གཏུག་གི་ལས་འགུལ་སྤེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆ་འདྲ་མིན་ཐོག་ཟླ་གཅིག་རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙན་འོག་ནས་ཐར་ཐབས་ཆེད་ཞུ་གཏུག་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་འདུག

དེ་བཞིན་ཨ་རིར་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་ཀློད་གྲོལ་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ཚོགས་པའི་འགན་འཛིན་གཞོན་པ་ནཱ་དྷན་མཱན་ཛཱ་(Nadine Maenza)ལགས་ཀྱིས། བོད་བརྒྱུད་ནང་བསྟན་ལ་དབང་སྒྱུར་བྱ་རྒྱུའི་འུ་ཐུག་གི་བསམ་བློ་དེ་རྒྱ་ནག་ལ་ཡོད་སྟབས། ཕྲུ་གུ་ལོ་དྲུག་ཙམ་ལས་མ་སོན་ཡང་བཙན་ཁྲིད་བྱེད་དགོས་ཐུག་པ་རེད། བློ་ཕམ་པ་ཞིག་ལ་རྒྱ་མི་ས་ཡ་མང་པོར་ཆོས་དད་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་རྐྱེན་དམ་བསྒྲགས་ཆེ་བའི་དཀའ་ངལ་འོག་གནས་ཡོད། ཅེས་གསུངས་འདུག

གཞན་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་དོན། དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ཡང་། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་སོན་སྐབས་བཙན་ཁྲིད་བྱས་རྐྱེན་བྱིས་པ་སྤྱི་མཚུངས་ལྟར་མི་ཚེ་སྐྱེལ་རྒྱུའི་ཐོབ་ཐང་འཕྲོག་པ་རེད། ད་ལྟ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་ང་ཚོར་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་ཁམས་གསལ་ཐང་ཡོད་མིན་ཐད་སེམས་འཚབ་ཧ་ཅང་འདུག དེར་བརྟེན་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་གནང་དགོས། ཞེས་གསུངས།

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་(James McGovern) མཆོག་གིས། ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གི་ཚབ་ཞུས་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་འདུག
ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༧དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཡིན་པ་ལྟར། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་དགུང་ལོ་ ༦ གི་སྟེང་ནང་མི་འཁོར་དང་བཅས་བ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཉིན་མོ་འདི་དང་བསྟུན་རྒྱལ་སྤྱིའི་སྟེང་བོད་མི་དང་བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་པཎ་ཆུང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་ཀློད་གྲོལ་དགོས་པའི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༥

Leave a Reply

One thought on “༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་གཙི་དང་ཀློད་གྲོལ་དགོས་པའི་འབོད་སྐུལ།

  1. བསོད་ནམས་རྒྱལ་མཚལ།

    མཉམ་འབྲེལ་རྒྱལ་ཚོགས་ལ་ ཞུ་གཏུག་ 😂 😂 😂 😅 China’s Purchased 💵💰 UN 🇺🇳 མཉམ་འབྲེལ་རྒྱལ་ཚོགས་ནི་ རྒྱ་དམར་ཀླ་ཀློ་ཚོའི་ ཁ་བཀག 😷 🤐 ཨམ་ཅོག་འོན་པ་བཟོས་ཚར། 😂 😂 😂 😅 ད་རྒྱ་ནག་གི་མགོ་ལ་སྡོད་མཁན་མི་ཞིག་སླེབ་ན་རེ་བ་ཡོད།