འཁྲིག་པའི་སྔོན་འགྲོ་གླེང་བ།

དགའ་བ་མཇེ་ཕྲུག

དགེ་ཆོས་ཀྱིས་<<འདོད་པའི་བསྟན་བཅོས་>>ལས། “སྐྱེས་པའི་ཆགས་པ་ཡང་ཞིང་ལྡང་བར་སླ།། མོ་ཡི་ཆགས་པ་ཟབ་ཅིང་ལངས་པར་དཀའ།། དེ་ཕྱིར་སྣ་ཚོགས་ཆགས་པའི་སྤྱོད་ལམ་གྱིས།། མོ་ཡི་ཆགས་པ་ཆེད་དུ་སློང་བ་དགོས།།” ཞེས་གསུངས་པ་བཞིན་འཁྲིག་སྤྱོད་ཀྱི་བདེ་མཆོག་མྱོང་འདོད་ན་བུད་མེད་ཀྱི་ཆགས་སྲེད་ཐོག་མ་འཕེལ་བར་འཇུག་པ་གལ་གནད་ཅིག་གོ  སྟབས་བདེ་ས་ཞིག་ནས་བཤད་ན་འཁྲིག་པའི་སྔོན་འགྲོ་ནི་རྩེད་རིགས་དང་ལུས་སྦྱོང་བྱེད་ཆེད་དྲོན་མོ་བཟོ་བའམ་དྭང་བ་སྤེལ་བ་ (Warm Up) དང་གཅིག་མཚུངས་སུ་འཐུས།

སྤྱིར་འཁྲིག་སྤྱོད་ནི་ལུས་ཀྱི་ཡན་ལག་དབང་པོ་ཚང་མས་རོལ་མྱོང་བྱེད་རྒྱུ་ཞིག་ལས་མཚན་མ་གཉིས་པོ་ཁོ་ན་སྦྱར་ནས་བདེ་བའི་སྙིང་པོ་ཐོབ་པ་ཞིག་མིན་མོད།  འཁྲིག་པའི་སྔོན་འགྲོ་སྐབས་སུ་ཁ་སྦྱོར་བ་དང་འཇིབ་ལྡག་བྱེད་པ་སོགས་འདོད་སྲེད་འཕེལ་བྱེད་ཀྱི་བྱ་བ་མང་པོ་ཞིག་ལ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད། ཕོ་མོ་མང་དག་ཅིག་གིས་སྐབས་རེ་འཁྲིག་སྤྱོད་དངོས་སུ་བྱེད་པ་ལས་སྔོན་འགྲོའི་ཚོར་སྣང་དེ་སྤྲོ་བ་ཆེ་བ་འདུག་ཅེས་བཤད་མྱོང་། དེ་ཡང་རྒྱུ་མཚན་མེད་པ་ཞིག་རྩ་ནས་མིན་ཏེ་འཁྲིག་པའི་སྔོན་འགྲོའི་སྐབས་སུ་ལུས་ཀྱི་ཆགས་པའི་ཚོར་བ་ཡོངས་སུ་རྒྱས་བའི་དུས་ཤིག་དང་ཕན་ཚུན་དུང་ཞེན་གྱི་བསམ་བློ་ལྕི་མོ་མཆིས་པའི་སྐབས་ལ་འཁེལ་ཡོད། འཁྲིག་སྤྱོད་དངོས་སུ་རོལ་ཚེ་སྐྱེས་པ་མང་པོ་ཞིག་ལ་ཁུ་བ་མྱུར་དོན་གཙིགས་སུ་འཛིན་པའི་ཀུན་སློང་ཟང་ཟིང་ཞིག་ངང་གིས་སྐྱེས་ཏེ་དལ་ལྷོོད་དང་བསམ་གཞིགས་ཀྱི་སྣང་བ་ཡལ་འགྲོ  བུད་མེད་རེ་འགར་མཛུབ་མོས་བྱ་ལེ་དང་ནུ་མ་འཕུར་བ། རྐུབ་འཕོངས་དང་བརླ་ཤར་དལ་གྱིས་རེག་པ།  འཇིང་པ་དང་རྣ་མཆོག  བྲང་གཞུང་སོགས་ལ་འོ་བྱེད་པ་དང་ལྕེ་ཡིས་རེག་པ་ནི་འཁྲིག་སྤྱོད་དངོས་སུ་རོལ་བ་ལས་སྐྱིད་སྣང་ལྡན་པ་ཞིག་ཚོར་ཐུབ།

འཁྲིག་པའི་སྔོན་འགྲོ་སྐབས་སུ་བུད་མེད་ཀྱི་ཚོར་བ་སྐྱེན་པའི་གསང་གནས་ཡོངས་སུ་རྟོགས་པ་བྱེད་རྒྱུ་གལ་ཆེ། བུད་མེད་ཀྱི་ཆགས་པ་སྔོན་དུ་མ་སློང་བར་སྐོམ་པ་ཆུ་འདོད་ལྟ་བུ་འཁྲིག་སྤྱོད་ལ་རོལ་བར་རྩོལ་བའི་སྐྱེས་པས་རང་ཉིད་ཀྱི་ཁུ་བ་འདོན་པའི་བདེ་བ་ཕྲ་མོ་དེར་དམིགས་པ་ལོས་ཡིན། འཁྲིག་པ་སྤྱོད་སྟངས་དེའི་རིགས་ནི་ཕོ་མོའི་ལུས་འབྲེལ་གྱི་བདེ་བ་ཕྱེད་ཀ་ཡང་ཐོབ་མི་ནུས་ཞེས་བཤད་ཆོག  ཕོ་མོ་ཟུང་འབྲེལ་གྱི་བདེ་བའི་སྙིང་པོ་དེ་རྟོགས་འདོད་ཚེ་ཐོག་མར་ལུས་ཀྱི་མཛེས་པ་དང་སེམས་ཀྱི་ཚོར་རླབས་བརྗེ་རེས་བྱེད་དགོས། དེ་ཡང་འཁྲིག་པའི་སྔོན་འགྲོ་དུས་ཡུན་རིང་ཙམ་གྱི་ཐོག་ནས་རོལ་མྱོང་བྱེད་ཐུབ།  ལྷག་པར་དུ་མཚན་མ་ཕན་ཚུན་འཇིབ་ལྡག་བྱེད་རྒྱུ་ནི་སྔོན་འགྲོའི་ནང་ནས་གལ་གནད་ཆེ་བའི་ཆོ་ག་ཞིག་ཡིན། བཙོག་སྣང་དང་རྣམ་རྟོག་གང་ཡང་མེད་པ་ནི་འཁྲིག་སྤྱོད་རོལ་མྱོང་ལ་སྤྲོ་སྣང་ཅན་ཚོའི་ལེགས་བྱ་ཡིན། ཉི་ཧོང་གི་བུད་མེད་ཚོས་འཁྲིག་སྤྱོད་མ་བྱེད་སྔོན་ལ་མཚན་མ་གཙང་བཀྲུས་བྱེད་སྲོལ་ཞིག་ཡོད་པ་དེ་ངས་ཅི་ནས་ཀྱང་བསྟོད་འོས་པའི་བཟང་སྤྱོད་ཅིག་རེད་སྙམ། སོ་སོའི་ཁྱོ་ག་དང་དགའ་རོགས་སོགས་སྐྱེས་པ་སུ་དང་འགྲོགས་ནའང་མཚན་མ་མཛུབ་མོས་དཀྲོག་པ། ལྡག་འཇིབ་སྣ་ཚོགས་ཀྱི་བརྒྱུད་རིམ་ཞིག་འགྲིམ་དགོས་པས་བཙོག་སྣང་མི་ཡོང་བའི་ཆེད་སྔོན་ཚོད་ནས་གཙང་བཀྲུ་བྱེད་རྒྱུ་གལ་ཆེ། འཐམ་འཁྱུད་བྱེད་པ་དང་ལས་པས་གང་སར་རེག་པ། ཆགས་ཞེན་གྱི་ངག་སྒྲ་འདོན་པ་རིགས་བྱེད་དེ་ལུས་ཀྱི་བ་སྤུ་ཀེར་ཞིང་ཞེ་ཡི་དྲོད་རླབས་རྒྱས་པར་རྩོལ་ན་ད་གཟོད་འཁྲིག་སྤྱོད་ཀྱི་བདེ་བ་བློ་ཡིད་ཚིམ་པ་ཞིག་རྙེད་ངེས།

འཁྲིག་པའི་སྔོན་འགྲོ་སྐབས་སུ་གཙོ་བོ་ཕོ་མོ་ཕན་ཚུན་རྒྱུས་ལོན་བྱེད་རྒྱུ་འགངས་ཆེ། རྒྱུས་ལོན་དེའི་ཁྲོད་ནས་སོ་སོའི་སྤྲོ་སྣང་ཡོད་མེད་ཀྱི་གསང་གནས་མང་པོ་ཞིག་རྟོགས་ཐུབ། བུད་མེད་ཚང་མས་དགའ་མོས་བྱེད་ཚུལ་གཅིག་པ་མིན་པས་མོ་རང་གི་ཁམས་དང་བསྟུན་ནས་སྔོན་འགྲོའི་ཆགས་པ་སློང་བར་རྩོལ་དགོས། རྒྱུས་ལོན་མ་བྱེད་པར་གང་བྱུང་རང་འདོད་ཀྱིས་ཧལ་རྒྱུག་བྱེད་ཚེ་ཕ་རོལ་ལ་ཕོག་ཐུག་བྱུང་ནས་འཁྲིག་སྤྱོད་ལམ་ལྷོང་མི་ཡོང་བ་མི་སྲིད། དེ་ཡང་དགེ་ཆོས་ཀྱིས་<<འདོད་པའི་བསྟན་བཅོས་>> ལས། “མི་ཕམ་བཙུན་པས་གསན་ནས་བྲིས་པ་དང་།། ཆོས་འཕེལ་འཆལ་པོས་མྱང་ནས་བྲིས་པ་གཉིས།། བྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་བ།། ཆགས་ལྡན་ཕོ་མོས་ཉམས་སུ་བླངས་ནས་ཤེས།།” ཞེས་གསུངས་པ་ལྟར་ཁྱེད་ཚོས་རང་ངོས་ནས་ཚོད་ལྟའི་ཚུལ་དུ་དངོས་སུ་ལག་ལྟར་ཐེངས་འགའ་བྱེད་ན་འབྲས་བུ་ཅི་ཞིག་ཡོད་མེད་ར་སྤྲོད་ཐོབ་ངེས་ཡིན།

བསྐྱར་བཅོས།: ༢༠༢༠/༠༤/༢༦

Leave a Reply

2 thoughts on “འཁྲིག་པའི་སྔོན་འགྲོ་གླེང་བ།

  1. འཁྲིག་རྩོམ་འདི་ཡག་པོ་བྲིས་འདུག ཡིན་ནའང་གསར་འགྱུར་ནང་བྲིས་ན། འབྲི་ས་རྦད་དེ་ནོར་བ་རེད། དུས་བབ་ཚང་ལ་དངོས་གནས་གསར་འགྱུར་རྫོགས་སོང་བ་འདྲ།