ཨ་ཧྥེ་རི་ཁའི་ནང་རྒྱ་ནག་གཞུང་ཁྲིམས་གཏུགས་བྱས།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནེའུ་ཇི་རེ་ཡའི་ཁྲིམས་ལུགས་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ཁྲིམས་གཏུགས་བྱས་ཡོད་པ་མ་ཟད་ཡུལ་དེའི་སྲིད་གཞུང་གིས་ཁྲིམས་གཏུགས་བྱེད་དགོས་པའི་སྐུལ་འདེད་གཏོང་གི་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ནུབ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནེའུ་ཇི་རེ་ཡའི་སན་(SAN)ཁྲིམས་ལུགས་ཚོགས་པས། རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཨ་ཧྥེ་རི་ཁའི་ནང་འགོས་ཁྱབ་ཏུ་འགྲོ་ཡི་ཡོད་པར་བརྟེན། ནེའུ་ཇི་རེ་ཡའི་མི་མང་གི་ཚེ་སྲོག་དང་ཉིན་རེའི་འཚོ་གནས། དེ་བཞིན། དཔལ་འབྱོར་གྱོང་གུད་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་ཡོང་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་ནེའུ་ཇི་རེ་ཡའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཏེ། ཨ་སྒོར་ཐེར་འབུམ་ ༢༠༠ གུན་གསབ་ཏུ་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག

སན་ཁྲིམས་ལུགས་ཚོགས་པའི་ཞུ་གཏུག་ཡི་གེའི་ནང་། ང་ཚོས་རིམ་པ་གཉིས་བརྒྱུད་རྒྱ་ནག་གཞུང་ཁྲིམས་གཏུགས་བྱེད་ཀྱི་ཡིན། དང་པོ་རྒྱ་ནག་གཞུང་ནེའུ་ཇི་རེ་ཡའི་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་རྒྱུ་དང་། གཉིས་པ་ནེའུ་ཇི་རེ་ཡའི་གཞུང་ངོས་ནས་རྒྱ་ནག་གཞུང་ཁྲིམས་གཏུག་གི་ལས་འགུལ་སྤེལ་བར་ཞུ་གཏུགས་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། སན་ཁྲིམས་ལུགས་ཚོགས་པ་ནི་ནེའུ་ཇི་རེ་ཡའི་ནང་ཚད་མཐོའི་ངོས་འཛིན་ལྡན་པའི་ཁྲིམས་ལུགས་ཚོགས་པ་ཞིག་ཡིན་འདུག

སན་ཁྲིམས་ལུགས་ཚོགས་པས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གིས། ནེའུ་ཇི་རེ་ཡའི་མི་མང་པོའི་ཚེ་སྲོག་འཕྲོག་པ་དང་མི་མང་གི་ལུས་སེམས་གཉིས་ལ་དཀའ་ངལ་བཟོས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཁོར་རྒྱུགས་ལ་གྱོང་གུད་སྤྲད་པ་དང་སྤྱི་ཚོགས་མགོ་རྙོག་བཟོས་པ། དེ་བཞིན། མི་མང་དང་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་དཀའ་ངལ་བཟོས་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། ཁྲིམས་ལུགས་ཚོགས་པ་དེས། རྒྱ་ནག་གཞུང་ནས་ནེའུ་ཇི་རེ་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་གུན་གསབ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡུལ་ལུང་གང་སར་ཁྱབ་རྗེས། རྒྱ་ནག་གཞུང་ཁྲིམས་གཏུགས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁྲོད་ནས་གསར་ཤོས་ཤིག་ནི། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་མ་སུ་རི་མངའ་སྡེ་ཡིས་རྫོང་ཁྲིམས་ཁང་དུ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁའི་རང་བཞིན་ལ་འགན་མ་འཁུར་སྟབས། མངའ་སྡེའི་གཞུང་དང་མི་མང་ལ་མི་རྒྱུ་གཉིས་གྱོང་གུད་ཚབས་ཆེན་བྱུང་བར་དངུལ་གྱིས་གུན་གསབ་དགོས་སྐོར་གྱི་ཁྲིམས་གཏུགས་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༧

Leave a Reply