ཁྲིམས་རྩོད་པ་ཝང་ཆན་ཀྲང་རང་ཁྱིམ་དུ་འབྱོར།

རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཝང་ཆན་ཀྲང་ཉིན་གྲངས་ ༢༡ རིང་བཟང་བཙོན་དུ་བཅུག་རྗེས་ཁ་སང་རང་ཁྱིམ་དུ་བསྐྱལ།

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་བཙོན་གྲོལ་ཐོབ་ཟིན་ཡང་ཏོག་དབྱིབས་ནད་ཡམས་ལ་ཁག་དཀྲིས་ཏེ་ཉིན་ ༢༡ རིང་བཟང་བཙོན་དུ་བཅུག་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཝང་ཆན་ཀྲང་(Wang Quanzhang)ལགས། ཁ་སང་ཕྱི་ཚེས་ ༢༧ ཉིན་པེ་ཅིན་དུ་ཡོད་པའི་རང་ཁྱིམ་དུ་འབྱོར་ཏེ་བཟའ་ཟླ་བུ་ཕྲུག་དང་མཉམ་འཛོམས་བྱུང་ཡོད་འདུག

སྐུ་ཞབས་ཝང་ཆན་ཀྲང་གིས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཁོ་རང་བཙོན་གྲོལ་ཐོབ་ཡོད་ཀྱང་། ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་ཉིན་གྲངས་ ༡༤ རིང་རྒྱ་ནག་ཤར་བརྒྱུད་ཧྲང་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་སྡེར་ཟུར་བཀག་བྱས་ཡོད་པ་དང་། ཟུར་བཀག་དུས་ཡུན་རྫོགས་རྗེས་ཀྱང་གོང་རིམ་གྱིས་བདུན་ཕྲག་གཅིག་རིང་དོགས་ཟོན་ལྟ་རྟོག་ཤུགས་ཆེར་བྱས་ཏེ་འགྲིམ་འགྲུལ་བྱས་བཅུག་མེད་སྐོར་བརྗོད་ཡོད་འདུག

ཁ་སང་སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གཞུང་འབྲེལ་མི་སྣ་དང་ཉེན་རྟོག་པས་སྐུ་ཞབས་ཝང་ཆན་ཀྲང་རང་ཁྱིམ་དུ་བསྐྱལ་བའི་བརྙན་ཐུང་བཏང་བའི་ནང་། ཁོང་གི་བཟའ་ཟླ་ལི་ཝིན་ཀྲུའུ་(Li Wenzu) ངུ་ཞོར་དུ། འདས་པའི་ལོ་ལྔའི་རིང་ངས་ཐེངས་མང་པོར་ངེད་གཉིས་མཉམ་འཛོམས་ཡོང་རྒྱུའི་འཆར་སྣང་བྱས་པ་ཡིན། ད་ལྟ་རྨི་ལམ་ལྟ་བུ་ཚོར་གྱི་འདུག ཅེས་དང་། རང་ལོ་ ༧ ལས་སོན་མེད་པའི་བུ་དེར་ང་ཚོ་བསྐྱར་དུ་ཁ་བྲལ་མི་སྲིད། ཅེས་བརྗོད་འདུག

གཞན་ཡང་སྐབས་དེར་ཝང་ཆན་ཀྲང་དང་མཉམ་དུ་ཧྲང་ཏུང་ཉེན་རྟོག་པ་སོགས་མི་སྣ་ ༡༠ སྐོར་ཞིག་བསླེབས་ཡོད་པའི་ཁྲོད་ནས། མི་གསུམ་ཝང་ཆན་ཀྲང་དང་མཉམ་དུ་ཁྱིམ་དུ་འཛུལ་རྩིས་བྱེད་སྐབས། ལི་ཝིན་ཀྲུའུ་ཡིས་སྒེར་ཁྱིམ་ཡིན་པ་དང་། གང་འདོད་ནང་དུ་འཛུལ་ན་ཉེན་རྟོག་པ་འབོད་རྒྱུ་ཡིན་སྐོར་སོགས་ཉེན་བརྡ་བཏང་ནས་བཀག་ཐུབ་ཡོད་འདུག

ཡང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་སྤེལ་བའི་གནས་ཚུལ་ལྟར་ན། ད་ཐེངས་སྐུ་ཞབས་ཝང་ཆན་ཀྲང་རང་ཁྱིམ་དུ་བཏང་དགོས་དོན་གཙོ་བོ་ནི། ཕྱི་ཚེས་ ༢༦ ཉིན་ཁོང་གི་བཟའ་ཟླ་ལི་ཝིན་ཀྲུའུ་ཛ་དྲག་གི་ཐོག་ནས་སྨན་ཁང་དུ་བསྟེན་དགོས་བྱུང་ཡོད་པའི་རྐྱེན་གྱིས་ཡིན་སྐོར་དང་། ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་ན་ལི་ལ་རྒྱུ་ལྷག་གཉན་ཚད་གྱི་ནད་ཕོག་ཡོད་འདུག

ཝང་ཆན་ཀྲང་ནི་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༩ ཉིན་མགོ་འཛུགས་བྱས་པའི་ ༧༠༩ ཡི་དྲག་གནོན་ཞེས་པའི་ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ནང་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་རྡུང་རྡེག་བྱེད་པའི་ལས་འགུལ་སྐབས་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་  ༢༠༠ ཁྲོད་ནས་ཐོག་མའི་གྲས་ཡིན་པ་དང་། ཁོང་དང་མཉམ་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེ་ཧི་ཕིན་(Li Heping) དང་འགྲོ་བ་མིའི་ཐོང་ཐང་དོན་གཉེར་བ་ཀོ་ཧོང་ཀོ་(Gou Hongguo)། ཀྲེ་ཡན་མིན་(Zhai Yanmin) བཅས་ཡོད་ཅིང་། ཕྱི་ལོ་ ༢༠༡༥ ལོའི་ལོ་དཀྱིལ་ཙམ་ནས་ཝང་ཆན་ཀྲང་མ་གཏོགས་ཁྲིམས་རྩོད་པ་གཞན་ཕལ་ཆེ་བས་ཉེས་མིང་ངོས་ལེན་བྱས་པའི་རྐྱེན་གྱིས་བཙོན་གྲོལ་ལམ། ཡང་ན་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ན་ཡང་། ཝང་ཆན་ཀྲང་གིས་ཉེས་མིང་ངོས་ལེན་མ་བྱས་པར་བརྟེན་ཡུན་རིང་ཁྲིམས་ཐག་མ་བཅད་པར་ལུས་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་པེ་ཅིན་དུ་ཁྲིམས་རྩོད་པ་ཝང་ཆན་ཀྲང་དང་། ལེ་ཧི་ཕིན་(Li Heping)། འགྲོ་བ་མིའི་ཐོང་ཐང་དོན་གཉེར་བ་ཀོ་ཧོང་ཀོ་(Gou Hongguo)། ཀྲེ་ཡན་མིན་(Zhai Yanmin) བཅས་ཀྱི་བཟའ་ཟླ་ཚོས་སོ་སོའི་སྐྲ་བཞར་ཏེ། སྐྲ་མེད་ན་ཆོག་ཀྱང་རྒྱལ་ཁབ་ལ་ཁྲིམས་མེད་ན་མི་ཆོག་པའི་འབོད་ཚིག་དང་སྦྲགས་རྒྱ་གཞུང་ལ་ཁྲིམས་རྩོད་པ་ཚོ་ཀློད་གྲོལ་དགོས་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། སྐབས་དེར་ཝང་གི་བཟའ་ཟླ་ལི་ཡིས་ཁོང་མོས་ཁྱོ་གའི་ཆེད་དུ་རྒྱ་ནག་གཞུང་གི་ཆེས་མཐོའི་ཁྲིམས་ཁང་དུ་ཐེངས་ ༣༡ ཕྱིན་ནས་ཞུ་གཏུག་བྱས་ཀྱང་། གཞུང་གི་གནོན་ཤུགས་འོག་ཞུ་གཏུག་ཚང་མ་ཕྱིར་སློག་བཏང་བ་མ་ཟད། ཁྲིམས་རྩོད་པ་འཚོལ་བར་བཀག་འགོག་ཤུགས་ཆེན་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ལི་ཡིས་བཟའ་ཟླའི་གནས་སྟངས་ཁྱབ་བསྒྲགས་ཆེད་པེ་ཅིན་ནས་ཐེན་ཅིན་ (Tianjin) བར་ཉིན་གྲངས་ ༡༢ རིང་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༢༨

Leave a Reply