ཁྱིམ་སྡོད་བཀའ་རྒྱ་ཕྱིར་འགྱངས་དགོས་མིན་བཀའ་སྡུར་གནང་།

རྒྱ་གར་གྱི་རྒྱལ་ཡོངས་མངའ་སྡེ་གཉིས་ཕུད་པའི་གཞན་ཚང་མས་ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་རྫོགས་པ་དང་དབུས་གཞུང་གི་ཐག་གཅོད་ལྟར་འགྲོ་རྒྱུ་ཡིན་པའི་དགོངས་ཚུལ་བཏོན་འདུག

ཁ་སང་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་སྣེ་ཁྲིད་འོག རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་གི་བློན་ཆེན་རྣམ་དྲ་ལམ་ནས་ཚོགས་འདུ་ཚོགས་ཏེ། ཕྱི་ཟླ་ ༥ ཚེས་ ༣་ཉིན་རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་རྫོགས་པ་དང་བསྐྱར་དུ་ཕྱིར་འགྱངས་དགོས་མིན་ཐད་བཀའ་སྡུར་གནང་ཡོད་པ་དང་། ཚོགས་འདུའི་སྐབས་མངའ་སྡེའི་བློན་ཆེན་མང་ཆེ་བས་དབུས་གཞུང་གིས་བཀའ་རྒྱ་ག་རེ་ཕེབས་པ་བཞིན་ལག་བསྟར་གནང་འདོད་ཡོད་སྐོར་བརྗོད་ཡོད་ན་ཡང་། རྒྱ་གར་ཧི་མ་ཅཱལ་དང་མཱེ་གྷ་ལའེ་ཡ((Meghalaya)མངའ་སྡེའི་བློན་ཆེན་རྣམས་གཉིས་ནས་ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་དགོས་པའི་དགོངས་ཚུལ་བཏོན་ཡོད་འདུག

ཚོགས་འདུའི་སྟེང་སྲིད་བློན་མུ་དྷི་མཆོག་གིས་མངའ་སྡེ་ཁག་གི་འབད་བརྩོན་ལ་བརྟེན་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཐད་གྲུབ་འབྲས་ལེགས་པོ་བྱུང་བ་མ་ཟད། འདས་པའི་ཟླ་གཅིག་དང་ཕྱེད་ཀའི་རིང་གི་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་གྱིས་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པར་སྟབས་བདེ་རུ་ཕྱིན་ཏེ་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཡོད་པ་དང་། མི་མང་པོ་ཞིག་གིས་ཧུར་ཐག་གི་འབད་བརྩོན་ལ་བརྟེན་ནས་ད་ལྟའི་ཆར་བཅད་བགོས་བྱས་ཡོད་པའི་གནད་འགག་ས་ཁུལ་དམར་པོ་མང་པོ་དམར་སེར་ལ་འགྱུར་བཞིན་པ་དང་། དམར་སེར་མང་པོ་ལྗང་ཁུ་ལ་འགྱུར་བཞིན་ཡོད་སྐོར་གསུངས་འདུག

ཡང་ཁོང་གིས་མུ་མཐུད་ད་ལྟའི་ཆར་ཆེས་གལ་ཆེ་བ་དེ་མི་མང་གི་དཔལ་འབྱོར་འཁོར་སྐྱོད་རྒྱུ་ལྡན་ལྟར་ཡོང་དགོས་པ་དང་། མངའ་སྡེ་ཁག་གིས་ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་ཟིན་པ་དང་མུ་མཐུད་རིམས་འགོག་ལས་དོན་འཐས་ཤོར་མི་འགྲོ་ཆེད། སྲིད་བྱུས་ཡག་པོ་འཐེན་དགོས་པ་མ་ཟད་མི་མང་གིས་ཁ་རས་གྱོན་རྒྱུ་སོགས་ཉིན་རེའི་ལས་དོན་ལྟར་འབྲལ་མེད་དགོས་པའི་ལམ་སྟོན་དང་། གློག་ཆས་རིགས་གང་ཐུབ་ཐུབ་བེད་སྤྱོད་ཀྱིས་དཔལ་འབྱོར་འཁོར་སྐྱོད་རྒྱུན་སྐྱོང་ཐུབ་པར་འབད་བརྩོན་དགོས་སྐོར་སོགས་གསུངས་འདུག

མངའ་སྡེ་ཁག་གི་བློན་ཆེན་རྣམས་ནས་མང་ཆེ་བས་ཡིག་ཐོག་བརྒྱུད་དབུས་གཞུང་ལ་དགོངས་ཚུལ་ཕུལ་ཡོད་པ་དང་། གྷོ་ཅི་ར་ཐི་མངའ་སྡེའི་བློན་ཆེན་ནས་དབུས་གཞུང་གིས་མངའ་སྡེ་ཁག་གི་ཏོག་དབྱིབས་རིམས་ནད་བརྟག་ཆས་ཐད་དོ་སྣང་གནང་དགོས་པ་དང་། དེ་བཞིན་ཁོང་ལ་མཚོན་ན་ཁྱིམ་སྡོད་བཀའ་རྒྱུའི་དུས་ཡུན་ཚར་བ་དང་མཚོན་མདོག་དམར་པོའི་ས་ཁུལ་ཁག་མུ་མཐུད་བཀག་རྒྱའི་འོག་འཇོག་དགོས་གལ་ཆེ་སྐོར་གསུངས་སོང་བ་དང་། དེ་བཞིན་ཧར་ཡ་ནཱ་མངའ་སྡེའི་བློན་ཆེན་གྱིས་དབུས་གཞུང་ནས་ཞིང་བ་ཚོས་ཞིང་ལས་བྱེད་པར་སྟབས་བདེ་ཡོང་ཆེད་གོམས་སྟབས་ལེན་དགོས་པ་དང་། དེ་མིན་ས་ཁུལ་དམར་པོ་ཁག་མུ་མཐུད་ཁྱིམ་སྡོད་བཀའ་རྒྱའི་འོག་འཇོག་པར་མོས་མཐུན་ཡོད་ཅེས་གསུངས། དེ་ལྟར་དུ་མངའ་སྡེ་ཁག་གི་བློན་ཆེན་མང་ཆེ་བས་མཚོན་མདོག་དམར་པོའི་ནང་ཡོད་པའི་ས་ཁུལ་ཁག་མུ་མཐུད་བཀག་རྒྱའི་འོག་འཇོག་པར་མོས་མཐུན་དང་། ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་ཚར་བ་དང་དབུས་གཞུང་གིས་ཐག་གཅོད་ག་རེ་གནང་ཡང་དེ་ལྟར་གནང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་བློན་ཆེན་རྗེ་རམ་ཐ་ཀོར་མཆོག་གིས། ད་ལྟའི་ཆར་ཧི་མ་ཅཱལ་མངའ་སྡེའི་ནང་ཚོང་ལས་དང་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་མགོ་བཙུགས་ཡོད་ན་ཡང་། ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་དགོས་སྐོར་གསུངས་སོང་ལ།  དེ་བཞིན་མཱེ་གྷ་ལའེ་ཡ་མངའ་སྡེའི་བློན་ཆེན་གྱིས་ཀྱང་ཁྱིམ་སྡོད་བཀའ་རྒྱ་ད་དུང་གྲོལ་མི་ཉན་པ་དང་། ཕྱི་ཟླ་ ༥ ཚེས་ ༣ ཉིན་ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་ཚར་ན་ཡང་མངའ་སྡེ་དེའི་ནང་མུ་མཐུད་བཀག་འགོག་དང་། མངའ་སྡེ་དེའི་རྫོང་ནང་ཁུལ་ཕན་ཚུན་གྱི་འགྲོ་སྐྱོད་ཐད་དོ་དམ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

རྒྱ་གར་ཞེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། གཞུང་གི་འབྲེལ་ཡོད་ཅིག་ནས་གནས་ཚུལ་གོ་ཐོས་ལྟར་ན། རྒྱ་གར་དབུས་གཞུང་གིས་དེ་རིང་ཕྱི་ཚེས་ ༢༨ ཉིན་བསྐྱར་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཁྱིམ་སྡོད་བཀའ་རྒྱའི་ཐད་བསྐྱར་ཞིབ་གནང་འཆར་ཡོད་པ་དང་། ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་རྒྱུན་སྐྱོང་སྲིད་སྐོར་བརྗོད་ཡོད་པ་དང་། ཡང་རྒྱ་གར་གྱི་ཆེད་ལས་སྨན་པ་དང་གནད་དོན་དབྱེ་ཞིབ་པ་མང་པོས་ཁྱིམ་སྡོད་བཀའ་རྒྱས་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་དང་། འགོས་ནད་དེ་རིགས་བསྐྱར་ལོག་བྱེད་སྲོལ་ཡོད་པ་དང་འཆར་ལ་ཉེ་བའི་ཕྱི་ཟླ་ ༥ མགོ་སྟོད་དེ་རྒྱ་གར་ལ་མཚོན་ན། དུས་ཡུན་གྱི་ཆ་ནས་ནད་བརྟག་ཕྱི་ལ་མངོན་པའི་དུས་ཚོད་གལ་ཆེན་ཞིག་ལ་ཁེལ་ཡོད་སྟབས་མི་མང་ཕན་ཚུན་རྒྱང་ཐང་རིང་པོར་འདུག་དགོས་རྒྱུ་སོགས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པའི་བསམ་ཚུལ་བཏོན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༧ ཉིན་བར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཅན་གྱི་ནད་པ་ ༢༩,༤༣༥ དང་། དྲག་སྐྱེད་བྱུང་བའི་ནད་པ་ ༦,༨༦༩ དང་འདས་གྲོངས་སུ་སོང་བ་ ༩༣༤ ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པའི་རྫོང་ཁག་ ༢༩༧ དང་། འགོས་ནད་ཁྱབ་མེད་པའི་རྫོང་ཁག་ ༣༠༠ དང་མཚོན་མདོག་དམར་པོའི་ནང་ཚུད་པའི་ས་ཁུལ་རྫོང་ཁག་ ༡༢༧ བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༨

Leave a Reply