ཏོག་དབྱིབས་རིམས་ནད་ལ་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གིས་འཇིགས་སྐུལ་བྱས།

ཨོ་གླིང་གིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་པར་བརྟེན་རྒྱ་ནག་གཞུང་གིས་ཚོང་འབྲེལ་མཚམས་འཇོག་བྱ་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ནང་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ད་སྔ་བར་བྱུང་མ་མྱོང་བའི་དཀའ་ངལ་བཟོ་བཞིན་པའི་སྐབས་འདིར། ཨ་རི་གཙོས་པའི་ཨོ་གླིང་སོགས་ཀྱིས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པའི་དགོས་འདུན་འདོན་བཞིན་པར་བརྟེན། ཁ་སང་རྒྱ་ནག་གཞུང་གིས་ཨོ་གླིང་ནས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཐོག་ཞིབ་འཇུག་མཚམས་འཇོག་མ་བྱས་ཚེ།  རྒྱ་ནག་གིས་ཨོ་གླིང་གི་ཚོང་རྫས་ཉོ་མཚམས་འཇོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག

ཨོ་གླིང་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཁྲན་ཅིན་ཡེ་(Cheng Jingye)ཟེར་བས། ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་དེ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཚེ། དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྤྱི་ལ་གནོད་པ་དང་། དམིགས་བསལ་ཨོ་གླིང་གི་དངོས་ཟོག་ཕྱིར་ཚོང་དང་ཨོ་གླིང་དུ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མཚམས་འཇོག  ད་དུང་ལོ་རེར་རྒྱ་ནག་གི་སློབ་ཕྲུག་བརྒྱ་ཕྲག་མང་པོ་ཨོ་གླིང་ནང་སློབ་སྦྱོང་བྱེད་པར་ཡོང་གི་ཡོད་པ་སོགས་མཚམས་འཇོག་བྱ་རྒྱུ་ཡིན།  ཞེས་ཉེན་བརྡ་བཏང་ཡོད་ཀྱང་། ཨོ་གླིང་གཞུང་གིས་རྒྱ་ནག་གི་འཇིགས་སྐུལ་ལ་རྒོལ་ལན་བསློགས་ཡོད་པ་མ་ཟད། ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞིར་རྒྱབ་སྐྱོར་བརྟན་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་འདུག

ཨོ་གླིང་གི་སྲིད་བློན་ཊོམ་ཁོན་ནལ་(Tom Connell)ལགས་ཀྱིས། ང་ཚོ་ཨོ་གླིང་གི་སྲིད་དོན་པ་ཚོ་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཨོ་གླིང་གི་ཚོང་འབྲེལ་བློན་ཆེན་སི་མོན་(Simon Birmingham)ལགས་ཀྱིས། རྒྱ་ནག་གི་སྐྱོན་བརྗོད་དེ་དག་གིས་ང་ཚོ་བློ་ཕམ་བྱུང་བཅུག་སོང་། ཨོ་གླིང་གིས་རྒྱ་ནག་གི་ནང་འདྲེན་ཚོང་རྫས་དང་དམིགས་བསལ་རྒྱ་ནག་གི་ནུས་ཤུགས་ཐོན་རྫས་དང་འཛུགས་སྐྲུན་སོགས་ཀྱི་ཐད་རམ་འདེགས་ཆེན་པོ་བྱས་ཡོད། ཅེས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ནང་རྒྱ་ནག་གིས་ཨོ་གླིང་གི་ཚོང་འབྲེལ་སྤྱིའི་བརྒྱ་ཆ་ ༢༦ བཟུང་ཡོད་པ་དང་དེ་ནི་ཨ་སྒོར་ཐེར་འབུམ་ ༢༣༥ ཆགས་ཡོད་པ་མ་ཟད། རྒྱ་ནག་ནི་ཨོ་གླིང་གི་རྡོ་སོལ་དང་ལྕགས། གཏེར་རྡོ། དེ་བཞིན་རྒུན་ཆང་དང་ཕག་ཤ་སོགས་ཕྱིར་འདྲེན་བྱེད་སའི་ཁྲོམ་ར་ཆེ་ཤོས་དེ་ཡིན་འདུག

ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ཐོག་ནས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་དང་འབྲེལ་རྒྱ་ནག་གིས་ཨོ་གླིང་གཞུང་ལ་འཇིགས་སྐུལ་བསྟུད་མར་བཏང་ཡོད་པ་མ་ཟད། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་དེ་ཨ་རིའི་དམག་གིས་རྒྱ་ནག་ནང་འཁྱེར་ཡོང་ཡོད་པ་འགྲེལ་བརྗོད་ཀྱིས། རྒྱ་ནག་དང་རྒྱལ་སྤྱིའི་གསར་འགོད་པ་དང་སྨན་པ་མང་པོ་ཞིག་ཁ་འགོག་ཐབས་བྱས་པ་དང་། ཏོག་དབྱིབས་རིམས་ནད་དང་འབྲེལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ལ་རྒོལ་ལན་བསློགས་ཏེ་ཡུ་རོབ་རྒྱལ་ཁབ་དེ་དག་གིས་རྒྱ་ནག་གི་དགོས་འདུན་བསྐྲུན་དགོས་འཁེལ་བ་བཟོས་ཡོད་འདུག

ཨོ་གླིང་གི་རྒྱ་ནག་གཞུང་ཚབ་པས།  རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཡང་དག་པ་ཞིག་བྱེད་ཐུབ་མེད་མོད། ཨོ་གླིང་ཨ་རིའི་ཕྱོགས་སུ་ལངས་ཏེ་རྒྱ་ནག་ནང་ཞིབ་འཇུག་བྱ་རྒྱུ་ནི། རང་སྣང་གང་དྲན་ཐོག་རྒྱ་ནག་ལ་ཆབ་སྲིད་ཐོག་ནས་སྡང་སེམས་བཟུང་བ་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་གནད་དོན་དང་འབྲེལ་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༤/༢༩

Leave a Reply