བཙན་བྱོལ་བོད་མི་ཚོ་ཏོག་ནད་ལ་སྐྲག་ནས་ཕྱིར་ལོག་འདོད་བྱེད་ཀྱི་འདུག་ཟེར་བ་དེ་ཁུངས་མེད་རྫུན་གཏམ་རེད་ཅེས་གསལ་བཤད་གནང་།

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་མི་མང་དཀའ་སྡུག་ནང་ལྷུང་བཅུག་ཡོད་པས་རྒྱ་ནག་གི་མགོ་འཁྲིད་ཚོས་བཟང་སྤྱོད་ལྡན་པའི་ཐོག་ནས་འགན་འཁུར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་ལ་དགོངས་སེལ་ཞུ་དགོས་པ་རེད།
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་སྟེང་། ཁ་བྱང་ལ་བཙན་བྱོལ་བོད་མི་ཚོ་ཏོག་དབྱིབས་རིམས་ནད་ལ་སྐྲག་ནས་ཕྱིར་བོད་ནང་ལོག་འདོད་བྱེད་བཞིན་ཡོད་སྐོར་གྱི་གསར་འགྱུར་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། དེའི་ནང་དུ་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་བཞིན་པ་དང་དྷ་རམ་ས་ལར་སྨན་ཁང་དང་སྨན་པ་ཚད་ལྡན་མེད་པ་དང་། ཏོག་ནད་དེ་རྒྱ་གར་གྱི་ས་མཚམས་ཁག་ལ་ཤུགས་ཆེར་ཁྱབ་པ་དང་བལ་ཡུལ་ནང་ཡོད་པའི་བོད་མི་ཚོ་ཡང་། ཡུལ་དེའི་ནང་གི་འཕྲོད་བསྟེན་གནས་བབ་དང་སྔོན་འགོག་ནུས་པ་ལ་ཡིད་ཆེས་མེད་པར་ཕྱིར་བོད་ནང་ལོག་འདོད་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཏོག་དབྱིབས་རིམས་ནད་སྔོན་འགོག་ཡག་པོ་ཐུབ་ཡོད་པར་བརྟེན། བཙན་བྱོལ་བོད་མི་ཁ་ཤས་ཕྱིར་ལོག་པ་མ་ཟད་མང་པོ་ཞིག་གིས་ལོག་ན་འདོད་པའི་རེ་བ་ཞུ་བཞིན་ཡོད་སྐོར་སོགས་བསྒྲགས་པ་དེར། བོད་མིའི་སྒྲིག་འཛུགས་ནས་ལན་འདེབས་གསལ་བཤད་གནང་སྟེ་རྒྱ་ནག་གཞུང་གིས་ཁུངས་མེད་ཀྱི་གནས་ཚུལ་རྫུན་མ་སྤེལ་འདུག་པ་ལས་བཟང་སྤྱོད་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་ལ་དགོངས་སེལ་ཞུ་དགོས་སྐོར་གསུངས་འདུག

གནད་དོན་དེའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་དབྱིན་ཡིག་དྲ་རྒྱའི་སྟེང་རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་དེ་ནི་འཁྱོག་བརྗོད་དང་ཁུངས་མེད་རྫུན་གཏམ་ཡིན་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ལྟ་བུ་སྤེལ་དགོས་པའི་དམིགས་ཡུལ་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་བྲིས་པའི་གནས་ཚུལ་དེར་ཁུངས་གང་ཡང་མེད་པ་དང་། གཙོ་བོ་དེང་སང་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ་གནས་ཚུལ་རྫུན་མ་རིགས་སྤེལ་ནས་མི་རྣམ་ཁ་ཕྱོགས་གཞན་ལ་འཁྲིད་ཐབས་དང་། ཕྱོགས་གཞན་ཞིག་ནས་གནས་ཚུལ་དེའི་ནང་རྒྱ་གར་གཞུང་གིས་བོད་མི་ཚོར་ཡག་པོ་བྱེད་ཀྱི་མེད་པ་སོགས་བཀོད་དེ། དུས་ཚོད་འདི་དང་བསྟུན་ནས་རྒྱ་གར་དང་བོད་མི་ཚོའི་བར་ལ་དཀྲུག་ཤིང་འཕེན་ཐབས་བྱེད་བཞིན་ཡོད་སྐོར་གསུངས་བྱུང་།ཡང་ཁོང་གིས་གནས་ཚུལ་དེ་གཙོ་བོ་བལ་ཡུལ་ནང་ཡོད་པའི་གཡང་འཛོམས་ཟེར་བ་ཞིག་གིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བོད་ལ་ལོག་གི་ཡིན་ཟེར་བ་ཞིག་དང་། དེ་སྔོན་རྒྱ་གར་ནས་བོད་སྨན་ཐོག་སློབ་སྦྱོང་བྱས་མྱོང་ཡོད་ཟེར་བ་ལིའུ་དབྱིན་ཧྭ་(Liu Yinghua)ཟེར་བ་གཉིས་ཀྱི་སྐད་ཆ་ཙམ་ཞིག་གཞིར་བཟུང་ནས་བྲིས་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་གར་ནང་བོད་པ་ཚོར་དཀའ་ངལ་འཕྲད་བཞིན་པ་དང་སྨན་ཁང་ཡག་པོ་མེད་སྐོར་དང་། རྒྱ་གར་གཞུང་ནས་བོད་པ་ཚོར་ཡག་པོ་བྱེད་ཀྱི་མེད་སྐོར་སོགས་མང་པོ་ཞིག་རྫུན་སྒྲིག་བྱས་ཏེ་བྲིས་ཡོད་པ་དང་། ཚང་མས་ཤེས་གསལ་ལྟར་རྒྱ་གར་གཞུང་གིས་ད་ལྟ་བར་བོད་མི་ཚོར་ཡག་པོ་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ལྷག་ཏུ་ཡག་པོ་བྱེད་བཞིན་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་ངོས་ནས་གནས་ཚུལ་དེ་རྫུན་གཏམ་དང་ཁུངས་ལྡན་མ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དངོས་ནས་བཤད་ན་ཏོག་དབྱིབས་རིམས་ནད་དེ་རྒྱ་ནག་རང་ནས་བྱུང་བ་ཡིན་སྟབས། རྒྱ་ནག་གཞུང་གིས་གང་སར་གནས་ཚུལ་རྫུན་མ་སྤེལ་བ་ལས་ཏོག་ནད་ཐད་འགན་འཁུར་དགོས་སྐོར་སོགས་གསུངས་བྱུང་།

གོ་ལའི་དུས་བབ་ཀྱི་གནས་ཚུལ་དེ་ཧྲན་ཅའེ་(Shan Jie)དང་ཧའོ་ཡོ་ཝེ་(Hu Yuwei)ཟེར་བ་གཉིས་ཀྱིས་བྲིས་ཡོད་པ་དང་། གནས་ཚུལ་ནང་རྒྱ་གར་ནང་ཏོག་དབྱིབས་ནད་པ་ཁྲི་ ༢ ཟིན་པ་དང་མི་མང་པོ་ཞིག་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོའི་གནས་སྟངས་ལ་སེམས་འཁྲལ་བྱ་དགོས་བྱུང་གི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་དྷ་རམ་ས་ལར་ཡོད་མཁན་ཚོའི་སྨན་བཅོས་གནས་སྟངས་ཐད་སེམས་འཁྲལ་བྱ་ཡུལ་ཞིག་ཆགས་ཡོད་པ་དང་། ད་ལྟའི་ཆར་དྷ་རམ་ས་ལ་ཡོད་ཁུལ་ཧི་མཱ་ཅལ་ནང་ཏོག་དབྱིབས་ནད་ཅན་ ༤༡ ཐོན་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཨ་རི་ནས་དྷ་སར་ལོག་པའི་བོད་མི་ཞིག་ཏོག་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་ཡོད་པ་དང་། དྷ་སར་སྨན་ཁང་ཆུང་ཆུང་ཁ་ཤས་ཤིག་ལས་མེད་པས་སྨན་བཅོས་ཀྱི་ནུས་པ་ཆེན་པོ་མེད་པ་དང་། བོད་ཀྱི་སྨན་རྩིས་ཁང་ཞིག་ཡོད་ཀྱང་དེ་ནི་ཏཱ་ལའི་བླ་མ་དང་འབྲེལ་ཡོད་པས་དམིགས་ཡུལ་གཙོ་བོ་བོད་སྨན་ཁྱབ་བརྡལ་གཏོང་ཐབས་བྱེད་བཞིན་ཡོད་ཚུལ་སོགས་བརྗོད་འདུག

ཨརྱ་ལགས་ཀྱིས་དེ་འབྲེལ་དགག་རྩོམ་ནང་བོད་མི་ཚོ་རིམས་ནད་ལ་སྐྲག་བཞིན་པ་བཤད་པ་ནི་ཁུངས་མེད་རྫུན་བསྒྲགས་ཡིན་པ་དང་། རྒྱ་གར་གཞུང་གིས་ཧུར་ཐག་གིས་རིམས་ནད་སྔོན་འགོག་ལ་བརྩོན་བཞིན་པ་མ་ཟད། དྷ་རམ་ས་ལར་མཚོན་ན་རྒྱ་གར་གཞུང་གིས་དོ་དམ་དང་གཟིགས་སྐྱོང་ནན་པོ་གནང་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱ་གར་གཞུང་དང་མཉམ་ལས་ཀྱིས་རིམས་ནད་སྔོན་འགོག་བྱས་ཡོད་པ་དང་། རྒྱ་གར་གཞུང་དང་མངའ་སྡེ་གཞུང་ནས་བོད་མི་ཚོའི་མཉམ་ལས་ལ་བསྔགས་བརྗོད་བྱས་ཡོད་སྐོར་གསུངས་འདུགགོ་ལའི་དུས་བབ་ཀྱི་གནས་ཚུལ་ནང་སྨན་པ་ལིའུ་དབྱིན་ཧྭ་ཡི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། རྒྱ་གར་ནང་བོད་ཀྱི་གསོ་རིག་ཐོག་སློབ་གཉེར་བྱས་མྱོང་མཁན་སྨན་པ་ལིའུ་དབྱིན་ཧྭ་ལ་དྷ་རམ་ས་ལར་ཆ་རྒྱུས་ཆེན་པོ་ཡོད་པ་དང་། ལིའུ་ཡིས་བོད་པ་མང་ཆེ་བ་རྒྱ་གར་གྱི་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་སུ་ཁ་འཐོར་ནས་འཚོ་གནས་བྱེད་བཞིན་ཡོད་ན་ཡང་། བོད་མི་འདུས་སྡོད་ཁུལ་མང་པོ་ཞིག་སྤྱིར་ན་བརྟན་པོ་མེད་པ་དང་རྒྱ་གར་ས་གནས་གཞུང་གིས་ཁོང་ཚོ་ཡ་མེད་བཏང་ནས་ཡོད་སྐོར་དང་། དྷ་སར་ཡོང་མཁན་ཡུལ་སྐོར་བ་ཞིག་གིས་དྷ་རམ་ས་ལར་སྨན་ཁང་ཆུང་ཆུང་གཉིས་ལས་མཐོང་རྒྱུ་མེད་པ་དང་། སྨན་ཁང་དེ་གཉིས་རྙིང་ཧྲིལ་ཡིན་པ་མ་ཟད། ས་གནས་དེ་གའི་བོད་མི་ཚོར་ད་དུང་འཕྲོད་བསྟེན་གྱི་གོམས་གཤིས་གང་ཡང་མེད་སྐོར་བརྗོད་སོང་ཞེས་བཀོད་ཡོད་པ་དེར། ཨརྱ་ལགས་ཀྱིས་ལིའུ་དབྱིན་ཧྭ་ཟེར་བ་ཞིག་གིས་རྒྱ་གར་ནས་བོད་ཀྱི་གསོ་རིག་ལ་སློབ་གཉེར་བྱས་སྐོར་བརྗོད་ནས་གནས་ཚུལ་མཁྱེན་རྟོགས་ཡོད་ཁུལ་བཤད་ཡོད་ཀྱང་། བོད་ཀྱི་སྨན་རྩིས་ཁང་གི་ཐོ་གཞུང་ནང་དུ་མི་དེ་འདྲ་ཞིག་གིས་སློབ་གཉེར་བྱས་པའི་གནས་ཚུལ་གང་ཡང་མེད་པ་དང་། དྷ་རམ་ས་ལར་སྨན་ཁང་མེད་པ་དང་སྨན་བཅོས་ཞན་པ་སོགས་ནི་ཁུངས་མེད་ཡིན་པ་དང་། དྷ་རམ་ས་ལ་ཁུལ་དུ་རྒྱ་གར་གཞུང་དང་མངའ་སྡེ་གཞུང། རྫོང་རིམ་པ་སོགས་ཀྱི་སྨན་ཁང་མང་པོ་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཁང་སོགས་ཡོད་པས་རིམས་ནད་སྔོན་འགོག་ཐད་གྲ་སྒྲིག་འཐུས་ཚང་ཡོད་པས། བོད་མི་ཚོ་དམིགས་བསལ་རིམས་ནད་ལ་སྐྲག་སྣང་སྐྱེས་དགོས་པ་གང་ཡང་མེད་སྐོར་གསུངས་འདུག

བལ་ཡུལ་ནས་ཕྱིར་ལོག་པའི་བུད་མེད་དེའི་སྐོར་ལ་གནས་ཚུལ་ནང། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་དེ་རྒྱ་གར་གྱི་བལ་ཡུལ་ས་མཚམས་ཁུལ་དུ་ཁྱབ་པ་དང་། བལ་ཡུལ་ནང་ཡོད་པའི་བོད་མི་ཚོའི་བལ་ཡུལ་གྱི་འཕྲོད་བསྟེན་གནས་བབ་ཉམས་ཞན་ཡིན་པ་མཐོང་གི་ཡོད་པ་དང་། བལ་ཡུལ་ནང་སྐྱབས་བཅོལ་ཞུས་ཏེ་ད་ཆ་ཕྱིར་བོད་ལ་ལོག་པའི་གཡང་འཛོམས་ཀྱིས། བལ་ཡུལ་གཞུང་གིས་འཕྲོད་བསྟེན་བརྟག་དཔྱད་དང་རིམས་ནད་སྔོན་འགོག་བོད་པ་ཚོས་ཡིད་ཆས་བྱེད་ཀྱི་མེད་པ་དང་། བོད་མི་ཚོའི་བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཡག་པོ་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་བཀོད་ཡོད་པ་དང་། ཨརྱ་ལགས་ཀྱིས་བོད་མི་ཚོ་བོད་དུ་ལོག་འདོད་ཡོད་ན་ཡང་། ཐེངས་འདིར་རིམས་ནད་ལ་སྐྲག་ནས་ལོག་པར་བཤད་པ་བལ་ཡུལ་ནང་གི་གཡང་འཛོམས་ཟེར་བ་དེ་སྒེར་གྱི་གནས་ཚུལ་ཙམ་ཞིག་ཡིན་པ་དང་། གནས་ཚུལ་དེ་ནི་དངོས་བདེན་ཡིན་མིན་ཐད་ཤེས་རྟོགས་མེད་ལ། བདེན་པ་ཡིན་ཡང་གནས་ཚུལ་དེ་ནི་རྒྱ་གར་དང་འབྲེལ་བ་གང་ཡང་མེད་སྐོར་གསུངས་འདུག

མཇུག་ཏུ་ཨརྱ་ལགས་ཀྱིས་ང་ཚོས་རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་དང་ཁུངས་ལྡན་མ་ཡིན་པ་སྤེལ་མཚམས་འཇོག་པའི་རེ་བ་བྱེད་ཀྱི་ཡོད་ལ།  རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་བཞིན་ཡོད། ད་ལྟའི་ཆར་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་ཡོངས་དཀའ་ངལ་ཆེ་བའི་དུས་སྐབས་ཤིག་གི་ནང་ལྷུང་བཅུག་ཡོད་པས། རྒྱ་ནག་གཞུང་གི་མཐོ་རིམ་མགོ་འཁྲིད་ཚོས་བཟང་སྤྱོད་ཀྱི་འགན་འཁུར་ཡོད་པའི་ཐོག་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་དགོས་པ་མ་ཟད། འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་བཟོས་པའི་གོད་ཆག་ཐད་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་གཞུང་ལ་དགོངས་སེལ་ཞུ་དགོས་སྐོར་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བོད་མིའི་སྒྲིག་འཛུགས། https://tibet.net/chinas-global-times-article-false-incorrect-and-misleading-a-rebuttal/?utm_source=rss&utm_medium=rss&utm_campaign=chinas-global-times-article-false-incorrect-and-misleading-a-rebuttal

གོ་ལའི་དུས་བབ། https://www.globaltimes.cn/content/1186932.shtml

 

བསྐྱར་བཅོས།: ༢༠༢༠/༠༤/༢༩

Leave a Reply

4 thoughts on “བཙན་བྱོལ་བོད་མི་ཚོ་ཏོག་ནད་ལ་སྐྲག་ནས་ཕྱིར་ལོག་འདོད་བྱེད་ཀྱི་འདུག་ཟེར་བ་དེ་ཁུངས་མེད་རྫུན་གཏམ་རེད་ཅེས་གསལ་བཤད་གནང་།

  1. བསོད་ནམས་རྒྱལ་མཚལ།

    ཞི་ཅིན་ ཕིང་ རྒྱ་དམར་གྱི་གླན་ལྐུག་ཚོ་་་ ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོ་ལ་སེམས་ཀྱི་ན་ཚ་ འ་རྫི། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོ་ག་དུས་སྡུད་རུབ་བྱེད་ཐུབ་ཡོང་བསམ་པའི་སྨི་ལམ་སྒུག་ནས་སྡད་ཡོད། དེ་འདྲ་སྡིག་ཅན་ཀླ་ཀློ། ཨོཾ་མ་ཎི་པདྨེ་ཧཱུཾ།

  2. འདམ་སྐྱེས།

    རང་གཞུང་གི་དྲུང་ཆེ་མཆོག་གིས་སྐབས་དུས་སུ་འདི་ཙམ་མ་ཡིན་སྔ་རྗེས་མང་པོར་འགན་ཡོད་པའི་ཆ་ནས་གནད་ལ་འཁེལ་བའི་ལན་འདེབས་ཚད་ལྡན་གནང་དང་གནང་སོང་བས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་རྒྱ་དམར་གྱི་ངན་གཡོ་ལ་གདོང་ལེན་དང་། ལྷག་ད་ལམ་རྒྱལ་སྤྱིའི་ནང་ལས་འབྲས་དུས་སུ་སྨིན་ནས་ཆེད་དམིགས་རྒྱ་ནད་འདིས་ཉི་ཤར་སྦར་མོས་འཁེབས་མི་ཐུབ་པའི་ཁོ་བ་ཚོའི་གདོང་རིས་མངོན་གསུམ་དུw་གསལ་དང་གསལ་བཞིན་པའི་གནས་ཚུལ་འདི་དག་རང་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱ་དགོས་པ་ནི། རང་གཞུང་ཙམ་མ་ཡིན་པ་རང་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་ཡིན་ངེས་ལགས་ན་མ་ལེན་མ་འགྱོད་པར་གོ་སྐབས་དམ་འཛིན་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་འདི་ལྟ་བུ་འབྱུང་མི་སྲིད་པ་ཞིག་རེད། དེས་ན་ལྷག་བློ་ཅན་ཚོས་རང་དོན་རང་གཅེས་གནང་དགོས་པའི་དུས་ལ་བབ་འདུག བོད་མི་ཡིན་མིན་མི་ཤེས་ཀྱང་རེ་ཟུང་ནས་ནང་ཁུལ་རང་ལ་དོན་མེད་སྙོགས་གླེང་བྱ་མྭཁན་ཁག་ནི་སྙིང་རྗེའི་ཡུལ་ལས་མ་འདས།།

  3. རྒྱ་དམར་གྱི་གླན་ལྐུག་འདི་གེ་ རྩོམ་ཡིག་སྤེལ་སྟངས་དེ་ཕྲུ་གུ་བྱིས་པ་གཅིག་ལས་ཐབས་སྐྱོ་བ། དེ་ཚོ་གི་མྱོ་ནད་འདི་ ད་ག་དུས་དྲག་པ་ ?

  4. དོལ་སྨྱོན་མ་ཧ་ཀ་ར།

    རྒྱ་ནག་ལ་ངོ་ཚ་ཟེར་བ་ཞིག་མི་འདུག མངོན་གསུམ་ལ་རྫུན་བཤད་པ་འདི་རིགས་ལ་ཅི་ཞིག་ཟེར་དགོས་པ་ཡིན་ནམ། ད་ནི་བོད་མི་ཚོས་རྒྱ་ནག་གཞུང་གིས་རྫུན་ལ་ཡ་ལན་ཚ་བོ་རེ་སྤྲོད་དགོས་པའི་དུས་ལ་བབ་འདུག་བསམ།
    དཔྱད་ཞིབ་གསར་འགྱུར་དངོས་ནས་ཡག་པོ་སྤེལ་འདུག ཀློག་བདེ་བོ་ཞེ་དྲགས་འདུག་ལ་འབྲི་རྩལ་དེར་ཡིད་སྨོན་འཆོར་བ་ཞིག་འདུག སྐད་ཆ་ཚང་མ་ཆུ་ལ་ཆུ་བཞག་ལྟར་འབྲེལ་མཐུད་ཡག་པོ་ཞིག་གནང་འདུག