ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་དོར་ཏེ་འགྲོ་བ་མི་ཚང་མའི་བདེ་དོན་ཆེད་འགན་འཁྱེར་དགོས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་སྐབས་ང་ཚོས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་མ་འོངས་པའི་གནས་བབ་ཐོག་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབས་ཡོད་ཅེས་གསུངས་འདུག

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ངོ་དེབ་སྤྱི་ཚོགས་དྲ་ལམ་སྟེང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ཚེས་ ༢ ཉིན་གྱི་བཀའ་སློབ་ཅིག་སྤེལ་བའི་ནང་། ད་ལྟའི་དུས་ཚོད་འདི་དུས་རབས་ཉེར་གཅིག་པ་ཡིན་པ་དང་། ང་ཚོ་དང་ཁྱེད་ཚོ་ཞེས་པའི་རྙིང་ཞེན་གྱི་བསམ་བློ་དོར་ཏེ་འགྲོ་བ་མི་ཚང་མའི་བདེ་དོན་ཆེད་འགན་འཁྱེར་ནས། འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་མ་འོངས་པའི་གནས་བབ་ཐོག་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབས་ཡོད་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་། དེང་སྐབས་ང་ཚོས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་མ་འོངས་པའི་གནས་བབ་ཐོག་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབས་ཡོད། ང་ཚོ་དང་ཁྱེད་ཚོ་ཞེས་པའི་རྙིང་ཞེན་གྱི་བསམ་བློ་དོར་ཏེ་འགྲོ་བ་མི་ཚང་མའི་བདེ་དོན་ཆེད་འགན་འཁྱེར་དགོས་པ་མ་ཟད། ལྷག་པར་དུ་གོ་ལའི་གནས་སྟངས་ཐོག་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས་མུ་མཐུད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད་སྟབས་དངོས་ཡོད་ལ་གཞིགས་ཏེ་བསམ་བློར་འགྱུར་བ་གཏོང་དགོས། མི་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་དགོས་ཞེས་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་དོན་སྐོར་བཤད་གྱི་ཡོད་པ་ལས། ལྷ་ཡུལ་དང་ཀླུ་ཡུལ་གྱི་སྐད་ཆ་བཤད་ཀྱི་མེད། ཁྱེད་རང་ཚོ་ཚང་མས་གནད་དོན་འདི་ལ་བསམ་བློ་ཤུགས་ཆེ་ཙམ་གཏོང་རོགས་ཞུ་རྒྱུ་ཡིན། ངོས་ཀྱིས་བཤད་པའི་སྐད་ཆ་ལ་རྒྱུ་མཚན་ཡོད་མེད་ངེས་པར་དུ་བརྟག་དཔྱད་བྱེད་དགོས། ཞེས་གསུངས་འདུག

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁྱིམ་ཚང་གཅིག་གི་ནང་དཀའ་ངལ་གང་ཞིག་འཕྲད་ཀྱང་། ཕན་ཚུན་བསམ་ཤེས་དང་གོ་བསྡུར་བྱས་པ་བརྒྱུད་ནས་སེལ་ཐབས་བྱེད་དགོས། གཅིག་བྱས་ན་དེ་རིང་གི་དགྲ་བོ་སང་ཉིན་གྱི་གྲོགས་པོར་འགྱུར་སྲིད། ཕྱོགས་གཞན་ནས་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་གཞན་ལ་བཤུ་གཞོག་ཁོ་ན་གཏོང་ཐབས་བྱས་ཚེ། དེ་རིང་གི་གྲོགས་པོ་སང་ཉིན་དགྲ་བོར་འགྱུར་སྲིད། དེར་བརྟེན། རྒྱུན་དུ་ནས་ང་ཚོས་མི་གཞན་གྱི་བདེ་དོན་ལ་སེམས་ཁུར་མང་ཙམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།ཅེས་གསུངས་འདུག

ད་ལྟའི་ཆར་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་བཞིན་པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐད་ནས་རྒྱལ་ཁབ་དང་མི་རིགས་ཚང་མས་མཉམ་རུབ་དང་མཐུན་སྒྲིལ་དགོས་པའི་བཀའ་སློབ་རིམ་པར་གནང་ཡོད་པ་དང་། ཉེ་སྔོན་ཕྱི་ཚེས་ ༡༤ ཉིན་ཨ་རིའི་དུས་བབ་དུས་དེབ་བརྒྱུད་གོ་ལ་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༩

Leave a Reply