བོད་ཀྱི་གྲོགས་པོ་ཞིག་ལ་ཆེས་མཐོའི་གཟེངས་རྟཊ་འབུལ་གཏན་འཁེལ་བར་འཚམས་འདྲི་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁྲིམས་ལུགས་སློབ་སྟོན་གྱི་ཞབས་ཕྱི་ཞུས་མྱོང་མཁན་སྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ལ་ཧོ་ལན་རྒྱལ་ཁབ་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དེ་འབུལ་གཏན་འཁེལ་ཡོད་འདུགརྒྱལ་སྤྱིའི་ཁྲིམས་དོན་མཁས་དབང་དང་བོད་རིག་པའི་སློབ་དཔོན་ཆེན་མོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁྲིམས་ལུགས་ཐད་སློབ་སྟོན་ཞབས་ཕྱི་ཞུས་མྱོང་མཁན། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་(Michael C.Van Walt Van Praag)ལགས་སུ་ཡུན་རིང་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་རྩོད་རྙོག་ཞི་འགྲིག་ཆེད་ཕྱག་ལས་གནང་བར། ཧོ་ལན་རྒྱལ་ཁབ་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་(Knighthood)ཞེས་པ་དེ་འབུལ་གཏན་འཁེལ་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁོང་གིས་ཚེ་གང་སྤྱི་པར་ཞབས་ཕྱི་ཞུས་པར་རྒྱབ་སྐྱོར་ཕྱག་ཡིག་གནང་ཡོད་འདུག་ལ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྐུ་ཞབས་ཁོང་ལ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བར་འཚམས་འདྲི་ཞུས་གནང་འདུག 

འདི་གའི་གསར་འགོད་པས་སྐུ་སྒེར་ཡིག་ཚང་གི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ཀྱི་ཧོ་ལན་གྱི་གྲོགས་པོ་ཚོས་ཟླ་བ་མང་པོའི་སྔོན་དུ་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུས་ཏེ། མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ནས་ཚེ་གང་སྤྱི་པར་ཞབས་ཕྱི་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༧༠ ནང་ནས་བཟུང་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་སྟབས། ཁོང་ལ་ཧོ་ལན་གཞུང་གི་སྤྱི་དམངས་གཟེངས་རྟགས་དེ་གནང་ཐུབ་ན་ཡག་པོ་ཞེ་དྲག་ཡོད་པ་དང་། ༧གོང་ས་མཆོག་ནས་ཁོང་ལ་རྒྱབ་སྐྱོར་ཞིག་གནང་བ་ཡིན་ན་ཁོང་གི་སྤྱི་དོན་ཞབས་ཞུ་ལ་ངོས་འཛིན་འཐོབ་པར་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་སྙན་སེང་ཞུས་ཡོད་པ་ལྟར། ༧གོང་ས་མཆོག་ནས་རྒྱབ་སྐྱོར་གྱི་ཕྱག་ཡིག་གནང་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་སྐུ་ཞབས་ཁོང་ལ་ཧོ་ལན་གཞུང་གི་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་གསལ་བསྒྲགས་གནང་ཡོད་པ་དང་། ཁོང་གི་རྒྱབ་སྐྱོར་ལས་འགུལ་གྱི་སྣེ་འཁྲིད་པས་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུས་ཏེ་༧གོང་ས་མཆོག་ནས་རྒྱབ་སྐྱོར་ཕྱག་ཡིག་གནང་བ་དེས་ཕན་ཐོགས་ཞེ་དྲག་བྱུང་སོང་ཞེས་ཞུས་ཡོད་འདུག

 དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བློ་བཟང་སེང་གེ་མཆོག་ནས་སྐུ་ཞབས་ཁོང་ལ་འཚམས་འདྲི་ཞུས་པའི་ནང་། སྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ནི་དུས་ཡུན་རིང་བོའི་བོད་དོན་རྒྱབ་སྐྱོར་བ་དང་། ངོས་ཀྱིས་ཁོང་ངོ་ཤེས་ནས་ལོ་ངོ་བཅུ་ཕྲག་ ༣ འགྲོ་བཞིན་ཡོད་པ་དང་། ཁོང་ནི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་དུས་ཡུན་རིང་བོའི་བློས་ཐུབ་གྲོགས་པོ་ཡིན་པ་དང་། ཐེངས་འདིར་ཁོང་ལ་གཟེངས་རྟགས་ཕུལ་བ་དེ་ཡིས་ཁོང་གིས་མི་ཚེ་གང་བོར་རྒྱལ་སྤྱིའི་སྟེང་ཞི་བདེ་དང་གྲོས་མོལ་ལམ་ནས་དཀའ་རྙོག་སེལ་ཐབས་བྱས་པར་ཆེ་བསྟོད་བྱས་ཡོད་པས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་བཞིན་ཡོད་སྐོར་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ང་རང་ནམ་རྒྱུན་འཛམ་གླིང་གི་ས་གནས་མང་པོར་བོད་དོན་དང་འབྲེལ་བའི་གླེང་སྟེགས་མང་ཆེ་བར་མཉམ་ཞུགས་བྱེད་ཀྱི་ཡོད་ལ། སྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ཀྱི་ཁྲིམས་ལུགས་སློབ་སྟོན་གྱིས་རྒྱལ་སྤྱིའི་སྟེང་བོད་དོན་ངོས་འཛིན་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པས། ཁོང་གིས་བོད་དོན་སྐོར་ཞབས་འདེགས་ཞུས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་འདུག

སྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ནི་རྒྱལ་སྤྱིའི་ཁྲིམས་དོན་མཁས་དབང་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འཆར་ཡར་རྒྱས་ལྷན་ཚོགས་ཀྱི་དྲུང་ཆེ། ཨ་རིའི་ཝ་ཤིན་ཊོན་མངའ་སྡེ་དང་དབྱིན་ཡུལ་ལོན་ཌོན་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཆེན་མོ། ཞི་བ་དང་གྲོས་མོལ་ལམ་ནས་རྩོད་རྙོག་སེལ་ཐབས་ཀྱི་རྒྱལ་སྤྱིའི་ཁི་རེ་དྷི་དྷ་(Kreddha)ཚོགས་པའི་འགན་འཛིན། ཧོ་ལན་འཕེལ་རྒྱས་རོགས་སྐྱོར་ཞིབ་འཇུག་ལྷན་ཚོགས(RAWOO)ཀྱི་ཚོགས་མི། ཕྱི་ལོ་ ༢༠༠༢ ལོར་རང་བཙན་ཐོབ་པའི་ཤར་ཏི་མོར་(East Timor)རྒྱལ་ཁབ་ཀྱི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་དང་མཉམ་ལས་ལྷན་ཁང་གི་ཁྲིམས་ལུགས་སློབ་སྟོན་པ། ལྷོ་ཞི་བདེ་རྒྱ་མཚོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་པཱ་པཱ་ནེའུ་གྷེ་ནི་ཡ་(Papua New Guinea)རང་སྐྱོང་ས་ཁུལ་བྷུ་གྷན་ཝིལ་(Bougainville)མཐོ་རིམ་མགོ་ཁྲིད་བར་ཞི་བའི་གྲོས་མོལ་སྐབས་ཀྱི་ཁྲིམས་ལུགས་སློབ་སྟོན་པ། ཨུ་རུ་སུ་དང་ཆཱ་ཆཱན་(Chechen)རང་སྐྱོང་མངའ་ཁུལ་བར་གྱི་ཞི་བའི་གྲོས་མོལ་སྐབས་ཀྱི་སློབ་སྟོན་པའི་གྲས་སོགས། ཁོང་གིས་འཛམ་གླིང་གི་དཀའ་རྙོག་ཅན་གྱི་རྒྱལ་ཁབ་དང་ས་ཁུལ་བར་ཞི་བའི་ངང་ནས་གྲོལ་བྱས་ཏེ་རྩོད་རྙོག་སེལ་དགོས་པའི་ཕྱག་ལས་རྒྱ་ཆེར་གནང་ཡོད་འདུགསྐུ་ཞབས་མེལ་ཁེལ་སི་ཝན་ཕུ་རཱ་གྷི་ལགས་ཕྱི་ལོ་ ༡༩༧༠ ནང་ནས་བཟུང་བོད་མིར་འབྲེལ་འདྲིས་བྱུང་ཡོད་པ་དང་།  ཕྱི་ལོ་ ༡༩༧༣ ལོར་༧གོང་ས་མཆོག་ཡུ་རོབ་ནང་ཐོག་མར་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས་ཆིབས་ཞབས་སུ་བཅར་ཡོད་འདུག དེ་བཞིན། ཕྱི་ལོ་ ༡༩༨༤ ལོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཕྱག་ལས་གནང་སྟེ་ཚོགས་ཆེན་ཐོག་འཆར་ཅན་ལྟར་མཉམ་ཞུགས་གནང་གི་ཡོད་འདུག་ལ།  ཁོང་གིས་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་བར་གྲོས་མོལ་ཡོང་བར་མཐུན་འགྱུར་རོགས་རམ་དང་། དེ་དང་བསྟུན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐབས་དེའི་བོད་གཞུང་གི་ཁྲིམས་ལུགས་སློབ་སྟོན་པ་གནང་མྱོང་བ་མ་ཟད། བོད་ཀྱི་གནས་བབ། རྒྱལ་སྤྱིའི་ཁྲིམས་དོན་གྱི་ལོ་རྒྱུས་དང་ཐོབ་ཐང་། མདུན་ལམ་བཅས་ཀྱི་གནད་དོན་ཞེས་པའི་དཔེ་དེབ་བརྩམས་གནང་བ་དང་།  དཔེ་དེབ་དེའི་ནང་བོད་ཀྱི་འདས་སོང་དང་ད་ལྟའི་ཁྲིམས་དོན་གྱི་གནས་བབ་བཅས་ལ་གཞུང་ལུགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་རང་བཞིན་གཞིར་བཟུང་སྟེ། བོད་དོན་ཁུངས་སྐྱེལ་རྒྱས་བཤད་ཡང་དག་བྱས་ཏེ། རྒྱ་ནག་གིས་བཤད་པའི་བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་དང་མི་མཐུན་པའི་ལོ་རྒྱུས་རྒྱས་བཤད་ཁུངས་སྐྱེལ་གནང་ཡོད་འདུག


གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༣༠

Leave a Reply