མི་སྡེའི་སྤྱི་ཚོགས་ཆེན་མོ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་གཞོལ་བའི་ཞབས་འདེགས།

གཏམ་བཤད་མཁན། Mridul Surbhi

རྐ་སྲས་ཀྱིས་བསྒྱུར།ངས་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱེད་སྐབས། ང་ཚོར་སྤྱི་ཚོགས་རིག་གནས་སྐོར་ནས་རྒྱ་གར་གྱི་མིང་དུ་གྲགས་པའི་དེབ་འགའ་བཀླག་པར་སྐུལ་བྱུང་། དེར་བརྟེན། ངས་སློབ་དཔོན་ཆེན་མོ་རཱ་མཱ་ཆའ་ཊིར་མཆོག་དང་། འབུམ་རམས་པ་ཌེ་ཕཱག་མེ་ཊ་གཉིས་ཀྱིས་བྲིས་པའི་<<འཚེ་བ་དང་ལྷན་དུ་འཚོ་བ།>>ཞེས་པའི་དེབ་1992ལོའི་མཱོམ་བྷེ་ཟིང་འཁྲུག་གི་སྐོར་པ་ཌ་རཱ་ཝའི་ནང་ཞིབ་འཇུག་བྱས་པར་གཞི་བཅོལ་བ་དེ་ལག་ཏུ་བླངས་པ་ཡིན།

ཐ་ན་དེབ་དེ་ལག་ལ་མ་བླངས་གོང་ནས། ཐ་ན་དེབ་དེ་རང་ཉིད་ཀྱི་བཀླག་རྒྱུར་ཐོ་འགོད་མ་བྱས་གོང་ནས། ངས་དེབ་དེའི་ཁ་བྱང་གི་ངོས་ནས་གོང་ཚད་གཅོད་དགོས་བྱུང་། སུ་ཞིག་གིས་རང་གི་དེབ་ཀྱི་ཁ་བྱང་ལ་འཚེ་བ་དང་ལྷན་དུ་འཚོ་བ་ཞེས་འདོག་གམ། དེ་ནི་འཚེ་བའི་ལས་རིགས་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་སྒྲུབ་པ་ལྟ་བུ་ཞིག་རེད་སྙམ།

མ་བཀླག་གོང་ནས་ངས་ཤེས་ཀྱི་འདུག་དེབ་དེ་ནི་སྐྱོ་གར་དང་ན་ཟུག་གི་བྱུང་བ་ཞིག་སྟེ། འཇིགས་སྐྲག་དང་འཚེ་བའི་བྱུང་བ་ཞིག་དང་། ཤེས་ཡོན་མེད་ཅིང་ལས་ཀ་མེད་པའི་གཞོན་སྐྱེས་ཚོ་སྤྱི་ཚོགས་དཀྲུག་ཤིང་གི་ཆེད་བཀོལ་སྤྱོད་བྱས་ཏེ། བཙན་གཡེབ་དང་སྡོད་ཁང་མེ་སྲེག་སོགས་སེམས་སྐྱོ་ཞིང་ཞེ་མི་བདེ་བའི་བྱུང་བ་དེ་འདྲའི་སྐོར་ཡིན་ངེས་རེད་སྙམ།

གཅིག་བྱས་ན་ཁྱོད་ཀྱིས་རྟོགས་ཡོད་སྲིད། ངའི་དྲན་ཚུལ་དེ་ནི་དངོས་ཡོད་དང་རྒྱང་ཐག་ཧ་ཅང་རིང་འདུག དེབ་དེར་འཇིགས་སྐྲག་དང་འཚེ་བའི་བྱུང་བ་དེ་འདྲ་མི་འདུག ད་དུང་དེ་ལས་ལྡོག་སྟེ། དེབ་དེར་བྱམས་བརྩེ་དང་སྙིང་རྗེ། བཟོད་སྒོམ་བཅས་ཀྱི་བྱུང་བ་དག་སྟེ། ༡༩༩༢ ལོའི་མོམ་བྷེའི་ཟིང་འཁྲུག་དང་ལྡན་དུ་མི་རྣམས་ཀྱིས་རང་གི་སྤྱི་ཚོགས་ཀྱི་དབྱེ་འབྱེད་ཁག་རྒྱབ་ཏུ་བསྐྱུར་ནས། ཕན་ཚུན་སྤུན་སྲིང་གི་འདུ་ཤེས་ཀྱིས་ཆིག་སྒྲིལ་བྱས་པའི་བྱུང་བ་ཁག་སྟེ། ང་ཚོའི་ཕྱིིར་དྲན་ངོས་ཀྱི་༡༩༩༢ ལོའི་དུས་ཟིང་སྐབས་དེ་རེད།

ཕྱིར་དྲན་དེས་ང་ལ་ང་ཚོའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་པ་དང་སྙིང་རྗེ་ཡིན་ནམ། ང་ཚོའི་ལྷན་སྐྱེས་ཀྱི་རང་བཞིན་ནི་ཕན་ཚུན་གཅིག་ཏུ་གཏོགས་པའི་འདུ་ཤེས་ཅན་ཞིག་ཡིན་ནམ་སྙམ་དུ་བཅུག་བྱུང་། ཚན་རིག་གིས་བདེན་དཔང་བྱས་པ་ཞིག་ཁྱེད་ཅག་ལ་ཞུས་ན། ཞིབ་འཇུག་གི་གྲུབ་དོན་ལྟར་འགྲོ་བ་མི་ནི། ལྷན་སྐྱེས་སུ་བྱམས་པ་དང་སྙིང་རྗེ་དང་ལྡན་ཞིང་། ཕན་ཚུན་རོགས་ཕན་བྱེད་པའི་འདུ་ཤེས་ཅན་ཞིག་ཡིན་པ་ར་སྤྲོད་བྱས་འདུག

དེ་འདྲ་ཞིག་ཡིན་ན། དེ་ལྟ་བུའི་མི་སྡེའི་སྤྱི་ཚོགས་དེ་ད་ལྟ་གང་དུ་ཆས་པ་རེད། ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདིར་གཅིག་ལྟོས་དང་། ང་ཚོར་ཕྲད་པའི་དབུལ་ཕྱུག་གི་ཧེ་བག་དང་། འཚེ་བ། བཙན་གཡེམ་བཅས་ལ་གཅིག་གཟིགས་དང་། ང་ཚོ་ནི་སེམས་དང་ཚོར་བའི་ཐད་ནས་ཕན་ཁ་ཉོ་བཞིན་པའི་སྤྱི་ཚོགས་ཞིག་རེད། གྲོགས་མེད་ཁེར་རྐྱང་གི་དཀའ་ངལ་དང་། སེམས་འཚེར་ནད་ཀྱི་དཀའ་ངལ་བཅས་མི་སྡེའི་ཚོགས་ཆེན་པོ་ནི། ད་ལྟ་ཕན་ཚུན་སྐྱིད་སྡུག་གཅིག་ལ་གཏོགས་པའི་འདུ་ཤེས་ཅན་དེ་མ་རེད།

ང་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་སྐོར་ནས་བསམ་བློ་ཞིག་བཏང་ན། འུ་ཅག་གིས་ཁོ་ཚོར་འཇིག་རྟེན་ཅི་འདྲ་ཞིག་སྐྲུན་གྱི་འདུག་གམ། སྤྱིར་ང་ཚོས་ཁོ་ཚོའི་ཆེད་དུ་འཇིག་རྟེན་འདིའི་ཡོད་ཚད་ལ་བསམ་བློ་གཏོང་བ་ཡིན་ཏེ། དཔེར་ན། སློབ་གྲྭ་ཡག་ཤོས། མཐོ་སློབ་བཟང་ཤོས། སྨན་སློབ་སྐབས་དྲག་ཤོས། ལས་བགོས་བཟང་ཤོས་སོགས་ལ་བསམ་བློ་གཏོང་བ་ཡིན། འོན་ཀྱང་། ཐོག་མར་སུ་ཞིག་གིས་ཁོ་ཚོ་མི་བཟང་པོ་ཞིག་ཡོང་བའི་ཐད་བསམ་བློ་གཏོང་ངམ། མི་བཟང་པོ་ཞིག་བྱེད་རྒྱུ་དེ་གལ་ཆེ་ཤོས་མ་ཡིན་ནམ། མདོར་ན། མི་ཚེའི་ནང་མི་ཅི་འདྲ་མང་པོ་ཞིག་ལ་ཕན་པ་སྒྲུབ་རྒྱུ་དང་། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་མི་ཡག་པོ་ཞིག་བྱེད་རྒྱུ་ནི། གལ་ཆེ་ཤོས་དེ་ཡིན་ཞེས་ང་ཚོ་ཚང་མས་ཤོད་པ་མིན་ནམ། འོན་ཀྱང་། ད་ལྟ་མི་སྡེའི་སྤྱི་ཚོགས་ཆེན་པོ་ནི། བླང་དོར་དང་ལེགས་ཉེས་མི་ཤེས་པའི་གཡང་གཟར་དུ་ལངས་ནས་བསྡད་ཡོད། གལ་ཏེ་ང་ཚོས་རང་ཅག་གི་དཀའ་ངལ་འདི་སེལ་ཐབས་ཤིག་མ་བཙལ་ན། མི་སྡེའི་སྤྱི་ཚོགས་ཆེན་མོ་ནི་རང་ཉིད་གཏོར་བརླག་གཏོང་མཁན་དུ་འགྱུར་གྱི་རེད།

རེད་ཡ། དཀའ་ངལ་འདི་སེལ་བའི་ཐབས་ལམ་ཞིག་ང་ལ་ཤོད་རྒྱུ་ཡོད་མོད། འདི་ནི་ཐབས་ལམ་ཉག་གཅིག་དེ་ཡིན་ཞེས་ཤོད་ཀྱིའང་མེད། འོན་ཀྱང་། ཐབས་ལམ་འདིས་ཕན་ཐོགས་སྲིད་པ་རེད། དེ་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་དེ་ཡིན།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་འགྲུལ་བཞུད་འདི་ནི། ལོ་ངོ་བཅུ་ཕྲག་གཅིག་གི་གོང་། ༸གོང་ས་ཏཱ་ལའི་བླ་མ་སྟེ། ང་རང་ཚོའི་གོང་ས་ཏཱ་ལའི་བླ་མ། ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། དུས་རྒྱུན་དུ་མི་སྡེའི་སྤྱི་ཚོགས་ཆེན་མོའི་ཕན་བདེའི་ཆེད་དུ་ཕྱག་ལས་གནང་མཁན་ཁོང་གི་ཕྱག་དེབ་གཉིས་སྟེ། <<ཆོས་ལུགས་ཀྱི་མཚམས་ལས་འདས་པ།>>་དང་<<སྟོང་ལོ་གསར་བའི་བཟང་སྤྱོད།>>གཉིས་དཔར་སྐྲུན་བྱས་པ་ནས་འགོ་བཙུགས་པ་ཞིག་ཡིན་ལ། དེ་ནི་དབང་རྩའི་ཚན་རིག་པ་རྣམས་དང་། ཚན་རིག་པ་ཚོ། ཞིབ་འཇུག་པ་རྣམས། སྤྱི་ཚོགས་རིག་པ་བ་ཚོ། འཛམ་གླིང་གི་དབུ་ཁྲིད་ཁག སློབ་གསོ་བ་རྣམས། སློབ་མ་ཚོ་བཅས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལག་སྟར་བྱེད་ཕྱོགས་ཐད་མཉམ་འབྲེལ་བྱེད་པའི་དབུ་འཛུགས་ས་ཡང་ཡིན།

ངས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་མ་བཤད་གོང་ལ། ཁྱེད་ཚོར་དྲི་བ་ཞིག་འདྲི་རྒྱུ་ཡིན། ཁྱེད་ཅག་ལས་མི་ཅི་ཙམ་མང་པོ་ཞིག་ཇ་ལ་དགའ་པོ་ཡོད། ལག་པ་ཡར་འགྱོག་རོཊ། དེ་ནས་ཚིག་ཇ་ལ་དགའ་མཁན་རྣམས་ཀྱིས་ལག་པ་ཡར་འགྱོག་རོགས། འོ་རེད། ཇའི་ཐད་ནས་ང་ཚོར་སོ་སོ་དགའ་སའི་ཇ་ཡི་གདམ་ག་ཡོད་པ་རེད། མི་འགའ་ཤས་བྲོ་རྫས་བཏབ་ཡོད་པའི་ཇར་དགའ་བ་དང་། མི་འགའ་ཤས་ཇ་དྭངས། མི་འགའ་ཤས་རྒ་སྨུག་ཇ་བཅས་ལ་དགའ་མོས་ཡོད་པ་རེད།

དེ་ནས་དྲི་བ་གཉིས་པ་དེ། ཁྱེད་ཅག་ལས་མི་ཅི་ཙམ་མང་པོ་ཞིག་ཆུ་ལ་དགའ་པོ་ཡོད། ང་ཚོ་ལས་མི་ཅི་ཙམ་མང་པོ་ཞིག་གིས་ཆུ་མེད་ན། འུ་ཅག་འཚོ་གནས་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཆུ་མེད་ནའང་ང་ཚོ་འཚོ་གནས་བྱེད་ཐུབ་ཀྱི་རེད་བསམ་མཁན་དེ་འདྲ་འདུག་གམ། མི་འདུག་ག ངོ་མ་རེད། ང་ཚོ་ཚང་མར་ཆུ་དགོས་པ་ཡིན།

རེད་ཡ། ངས་འདི་དཔེ་མཚོན་དུ་བཞག་ནས་བཤད་ན། དུས་རབས་ཉེར་གཅིག་པའི་ནང་ཇ་ནི། ཆོས་ལུགས་དང་མཚུངས། ཇ་མེད་པར་ང་འཚོ་གནས་བྱེད་ཐུབ་ཀྱི་ཡོད་ལ། ང་ཚོར་རང་ཉིད་དགའ་སའི་ཇ་ཡི་གདམ་ག་ཡང་ཡོད་མོད། དེ་ནི་ང་ཚོའི་འཚོ་གནས་ལ་ངེས་པར་དུ་དགོས་པ་ཀྱང་ཞིག་མ་རེད། འོན་ཀྱང་། བཟང་སྤྱོད་ནི་ཆུ་ལྟ་བུ་རེད། ཆུ་མེད་པར་ང་ཚོ་འཚོ་མི་ཐུབ།

དེར་བརྟེན། སླར་ཡང་དཔེ་མཚོན་དེའི་ཐོག་ནས་བཤད་ན། བཟང་སྤྱོད་ནི་ཆུ་ལྟ་བུ་ཡིན་སྟབས། ང་ཚོ་ཚང་མར་བཟང་སྤྱོད་དགོས་ཀྱི་ཡོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་ཤོད་སྐབས། དེ་ནི་ཆོས་ལུགས་དང་དད་མོས་ཡོད་ཚད་ལ་གུས་བརྩི་བྱེད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅིག་ཡིན། དེ་བཞིན་བཟང་སྤྱོད་འདིས་ཆུ་ལས་གྲུབ་པའི་ཇ་གང་ལ་ཡང་གུས་བརྩི་བྱེད་མོད། འདི་ནི་ཆོས་ལུགས་གང་ལ་ཡང་གཞི་བཅོལ་མེད།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི། མི་སྡེའི་སྤྱི་ཚོགས་ཆེན་མོར་གཞི་བཅོལ་ཡོད་ལ། འགྲོ་བ་མིའི་ནང་གི་བཟང་པོའི་ཡོན་ཏན་ལ་གཞི་བཅོལ་ཡོད་པ་ཞིག་ཡིན། གཞན་གྱི་བདེ་སྡུག་ལ་བསམ་ཤེས། བྱམས་བརྩེ། སྙིང་རྗེ། སེམས་ཀྱི་བདེ་སྐྱིད། བཟང་སྤྱོད་དང་འབྲེལ་བའི་སྒོམ་བཅས་ནི། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཆ་ཤས་རེ་ཡིན།

ང་ཚོ་མི་ཡིན་པའི་ཆ་ནས་འདི་དག་ཚང་མ་ང་ཚོར་དགོས་ངེས་སུ་གྱུར་ཡོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི། འགྲོ་བ་མིའི་གཞི་རྩའི་གོ་རྟོགས་དང་། འགྲོ་བ་མིའི་གཞི་རྩའི་མྱོང་བར་གཞི་བཅོལ་ཡོད་ཅིང་། དེ་ཡང་ཚན་རིག་གི་བདེན་དཔང་ཡོད་པ་ཞིག་ཡིན་པ་ལས། འོ་་་མི་བཟང་པོ་ཞིག་བྱས་ན་ཡག་པོ་ཡོད་པ་རེད་ཅེས། རང་དགར་མི་བཟང་པོ་ཞིག་བྱེད་དགོས་པར་ཤོད་པ་ཙམ་ཞིག་མ་ཡིན་པར། དེས་ཅིའི་ཕྱིར་མི་བཟང་པོ་ཞིག་གམ། གཞན་ལ་བྱམས་བརྩེ་ཡོད་པའི་མི་ཞིག་བྱེད་དགོས་པ་རྒྱུ་མཚན་དང་གནས་ལུགས། ཚན་རིག་གི་བདེན་དཔང་བརྟེན་པོ་བཅས་བསྟན་ནས་ཤོད་ཀྱི་ཡོད།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྒལ་ཚིགས་ལྟར་བུར་གྱུར་ཅིང་། དོ་དབྱིངས་ཆེ་བའི་འདོད་ཚུལ་གཉིས་ཡོད་པ་ལས། དང་པོ་ནི། རྟེན་འབྲེལ་ཡིན། ང་ཚོའི་ལུས་ལ་གྱོན་པའི་གོས་དང་། ང་ཚོས་བཀོལ་སྤྱོད་བྱེད་པའི་འཕྲུལ་ཆས། ང་ཚོའི་ཁ་ཟས། རླངས་འཁོར་སོགས། ཡོད་ཚད་ནས་ཡོད་ཚད་དེ། ང་ཚོའི་བདེ་སྐྱིད་ཀྱི་ཆ་རྐྱེན་དུ་དགོས་ངེས་སུ་གྱུར་བ་ཡོད་ཚད་ལ་བསམ་བློ་ཞིག་ཐོངས་དང་། དེ་དག་ནི་བགྲང་ལས་འདས་པའི་མི་སྒེར་བ་མང་པོ་ཞིག་གི་འབད་བརྩོན་ལ་བརྟེན་ནས་བྱུང་ཡོད། འུ་ཅག་ཁོ་ཚོར་ནམ་ཡང་མི་ཐུག་སྲིད་ཀྱང་། ང་ཚོར་ཁོ་ཚོར་བརྟེན་ཡོད་པ་རེད། ང་ཚོ་ཐོག་མར་སྐྱེས་བ་ནས་རང་ཉིད་ཀྱི་ཨ་མར་བརྟེན་ཡོད་ལ། ཨ་མ་ཡང་ཁོ་མོའི་སྤྱི་ཚོགས་སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ཡོད་པ་ལྟ་བུ་སོགས། ང་ཚོ་ཚང་མ་ཕན་ཚུན་བརྟེན་ནས་ཡོད། འདི་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་བ་གཅིག་ཡིན།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྒལ་ཚིགས་ལྟར་བུར་གྱུར་བ་གཉིས་པ་ནི། མི་སྡེའི་སྤྱི་ཚོགས་ཆེན་པོ་འམ་མིང་གཞན་དུ་བརྗོད་ན་འགྲོ་བ་མི་སྟེ། མི་རྣམས་ཀྱི་སྤྱི་མཚུངས་ཆོས་ཉིད་དེ། སྤྱིའི་ཆ་ནས་ང་ཚོ་ཚང་མ་འདྲ་པོ་ཡོད་པའི་འབྲེལ་ཐག་དེ་ཡིན། འོན་ཀྱང་། ངས་དེ་ལྟར་འདོད་ཀྱི་མི་འདུག ལྟོས་དང་། ང་ནི་ཁྱོད་ཚོ་དང་མི་འདྲ་བར་མཐོང་གི་རེད་ལ། ངའི་རིགས་ནི་ཁྱོད་ཚོ་དང་མི་གཅིག ངའི་དགའ་ཕྱོགས་དང་མི་དགའ་ཕྱོགས་སོགས་མང་པོ་ཞིག་ཁྱོད་ཚོ་དང་མི་འདྲ། ང་ཚོ་མི་འདྲ་བ་ཡིན། ང་ནི་ཁྱོད་ཚོ་དང་འདྲ་པོ་མེད།

འོན་ཀྱང་། ང་ཁྱོད་ཚོ་དང་པ་གཅིག་རྐྱང་གཅིག་ཡིན། ང་ཇི་ལྟར་ཁྱོད་ཚོ་དང་གཅིག་ཡིན་ཚུལ་ནི། འདིར་བཞུགས་ཀྱི་རྣམས་དང་གཅིག་ཡིན་ཚུལ་ཙམ་མ་ཡིན་པར། ཕྱི་རོལ་གྱི་འཛམ་གླིང་གི་མི་ཚང་མར་གཅིག་པ་ཡིན། ང་ཚོ་ཚང་མ་གཅིག་དུ་འབྲེལ་བྱེད་ནི། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་ལ་གཡོལ་བ་དེ་ཡིན།

ཞོགས་པ་ཡར་ལངས་པ་ནས་ངའི་བརྩེ་མི་ཚོར་སྡུག་བསྔལ་ཡོང་བར་ཤོག ང་རང་ལ་སྡུག་བསྔལ་ཡོང་བར་ཤོག་ཅེས་འདོད་མཁན་གཅིག་ཀྱང་མེད། ང་ཚོས་དེ་ལྟར་བྱེད་ཐུབ་བམ། ཐུབ་ཀྱི་མ་རེད། ང་ཚོས་གང་སྒྲུབ་པ་དང་། ང་ཚོས་ཅི་འདོད་པ་ཐམས་ཅད་ནི་བདེ་སྐྱིད་ཀྱི་རྒྱ་ལས་མི་འདའ། ང་ཚོ་ཚང་མར་བདེ་སྐྱིད་དགོས་པ་ཡིན། དེ་ནི་མི་སྡེའི་སྤྱི་ཚོགས་ཆེན་པོའི་སྤྱི་མཚུངས་ཀྱི་འབྲེལ་ཐག་དེ་ཡིན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྒལ་ཚིགས་ལྟ་བུར་གྱུར་བའི་རྟེན་འབྲེལ་དང་། འགྲོ་བ་མི་གཅིག་གི་འདུ་ཤེས་ལ་བརྟེན་ནས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལས་འགུལ་གྱིས་མི་ཚོར་འགྲོ་བ་མི་ཚང་མ་གཅིག་པ་ཡིན་པའི་འདུ་ཤེས་ཤིག་འཁྲུངས་རྒྱུ་དམིགས་ཡུལ་འཛིན་ཀྱི་ཡོད།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་བརྟེན་ནས། ང་ཚོས་སོ་སོའི་མི་འདྲ་ས་ཡང་གཙིགས་སུ་འཛིན་ཐུབ་ལ། དེ་ལྟར་འཛིན་ཡང་དགོས་པ་ཡིན་མོད། མི་རྣམས་ཆིག་སྒྲིལ་ཡོང་བར་བྱེད་པའི་འབྲེལ་ཐག་དག་གི་ཕྱོགས་ལ་བསམ་བློ་བཏང་བ་ཡིན་ན། མི་གཞན་རྣམས་ཡང་རང་ཉིད་དང་འདྲ་བར་བདེ་སྐྱིད་འདོད་མཁན་ཞིག་ཡིན་པ་མཐོང་སླ་རུ་འགྲོ་བ་ཡིན། དེ་ལྟར་བྱུང་ཚེ། ང་ཚོ་མི་གཞན་གྱི་བདེ་སྐྱིད་ལ་ཁ་ཕྱོགས་པ་ཡིན་ལ། དེ་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་བའང་ཡིན།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་ལས་འགུལ་ཞིག་ཡིན་པའི་ཆ་ནས། བྱེད་སྟངས་མི་འདྲ་བའི་སྒོ་ནས་ལག་ལེན་བྱེད་ཀྱི་མོད། ལས་འགུལ་འདིའི་ཐེབས་རྩ་མང་ཤོས་ཤིག་གིས་དེ་ཉིད་ཤེས་ཡོན་གྱི་ཕྱོགས་ནས་ལག་སྟར་བྱེད་ཀྱི་ཡོད། འཛམ་གླིང་གི་ས་ཁུལ་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ་རྣམས་ནས་སྐབས་དོན་མི་འདྲ་བའི་ངང་འཆད་ཁྲིད་དང་ལག་ལེན་བྱེད་ཀྱི་མོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རྩ་དོན་གསུམ་སྟེ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གནད་འགག་རྣམས་ཚང་མས་བསྐྱར་ཟློས་བྱེད་ཀྱི་ཡོད།

རྩ་དོན་གསུམ་གྱི་དང་པོ་ནི། རང་ཉིད་ཤེས་པར་བྱེད་རྒྱུ་དེ་ཡིན་ལ། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེང་རབས་ཀྱི་འཇིག་རྟེན་འདིའི་ནང་ང་ཚོས་གནད་དོན་འདི་བརྗེད་པ་ལྟ་བུར་གྱུར་ཡོད། ང་ཚོ་རང་ཤེས་རྟོགས་ཀྱི་ཐད་ནས་རྗེས་སུ་ལུས་ཡོད། རང་ཉིད་ཤེས་པ་ཞེས་པའི་གོ་བ་ནི། དཔེར་ན། ང་ཚོས་བསམ་བློ་རང་སྟེང་དུ་སྐོར་ནས། རང་ཉིད་ཀྱི་སེམས་ཚོར་གྱི་གནས་སྟངས་ལ་ཞིབ་འདང་བརྒྱབ་ཅིང་། རང་གི་ལུས་ཀྱི་བདེ་སྡུག་གི་ཚོར་བར་བསམ་བློ་བཏང་ནས། ཁོང་ཁྲོས་རང་ཉིད་ལ་ཅི་ཞིག་བྱེད་ཀྱི་ཡོད་པར་བསམ་བློ་བཏང་གཏོང་ཐུབ་ཚེ། ང་ཚོས་མི་གཞན་ལ་ཡང་དེ་ལྟར་ཡོང་གི་ཡོད་པ་བསམ་བློ་འཁོར་ཐུབ་ཤས་ཆེ་བ་ཡོད་པ་རེད། ཆོས་དང་མ་འབྲེལ་བའི་རྩ་དོན་དང་པོས་རང་ཉིད་ཤེས་རྟོགས་ཐུབ་པར་བྱེད་ཀྱི་ཡོེད།

རྩ་དོན་གཉིས་པ་ནི་མི་གཞན་ཤེས་པར་བྱེད་པ་དེ་ཡིན། ང་ཚོས་གནས་སྟངས་ཅི་ཞིག་གི་འོག་ནས་རང་ཉིད་ལ་ཚོར་བ་ཅི་འདྲ་ཞིག་ཡོང་གི་ཡོད་པ་དང་། གཞན་གྱིས་རང་གི་བདེ་སྡུག་ལ་བསམ་ཤེས་བྱེད་སྐབས། རང་ཉིད་ལ་ཐད་གར་ཚོར་བ་ཅི་ཞིག་ཡོང་གི་ཡོད་པ་དང་། རང་ཉིད་ཀྱིས་གཞན་ལ་དེ་མཚུངས་བྱས་ན། གཞན་ལ་ཚོར་བ་ཅི་ཞིག་ཡོང་གི་ཡོད་པ་རྟོགས་ཚེ། ང་ཚོས་མི་གཞན་ནི་རང་ཉིད་དང་གཅིག་པ་གཅིག་རྐྱང་ཡིན་ཞིང་། ང་ཚོ་གཅིག་པ་ཡིན་པ་རྟོགས་ཀྱི་རེད།

དེ་ལྟ་བུའི་གོ་རྟོགས་དེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རྩ་དོན་གསུམ་པ་དང་འབྲེལ་ཡོད། རྩ་དོན་གསུམ་པ་ནི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་རྟོགས་པར་བྱེད་རྒྱུ་དེ་རེད། ང་ཚོས་རང་ཉིད་དང་གཞན་གྱི་ཆེད་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ། འགྲོ་བ་མིའི་ནང་གི་བཟང་པོའི་ཡོན་ཏན་དེ་དག་ལག་ལེན་བྱེད་སྐབས། རང་ཉིད་ཀྱི་སྤྱི་ཚོགས་འཁོར་ཡུག་ནི། རང་གི་མྱོང་བ་ཟབ་མོ་ཞིག་གམ། ཕལ་ཆེར་རང་ཉིད་ཀྱི་རང་བྱུང་གྲུབ་ཆ་ཞིག་ཡིན་པའི་གོ་བ་རྙེད་ཀྱི་རེད།

དཔེར་ན། སྤྱི་ཚོགས་འཁོར་ཡུག་གི་བྱིས་པ་ཚོར་མཚོན་ནས་བཤད་ན། བྱིས་པ་ནི་རང་གི་སྤྱི་ཚོགས་འཁོར་ཡུག་གི་གནད་དོན་གལ་ཆེན་ཞིག་རེད། བྱིས་པ་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ། འགྲོ་བ་མིའི་ནང་གི་བཟང་པོའི་ཡོན་ཏན་དག་གི་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅིང་། ཁོ་ཚོ་ནར་སོན་ཏེ་སྤྱི་ཚོགས་ཁྲོད་ནས་དབུ་ཁྲིད་དང་། ཁྲིམས་རྩོད་པ། མི་མང་གི་འཐུས་ཚབ་བཅས་སུ་འགྱུར་གྱི་རེད་ལ། དེ་དུས་ཁོ་ཚོར་མི་གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱེད་པའི་གོ་རྟོགས་ཟབ་མོ་ཡང་ཡོད་ཐུབ་པ་རེད།

དེ་ནི་ཅི་ལྟར་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་འགྱུར་བ་གཏོང་ཐུབ་ཚུལ་དེ་ཡིན། དེ་ལྟ་བུའི་འགྱུར་བ་ནི། ད་ལྟ་འདིར་རང་ཉིད་ནས་འགོ་བརྩམས་ཏེ། དེ་ནས་མི་གཞན་དང་སྤྱི་ཚོགས་སྒྲིག་འཛུགས་བཅས་སུ་བརྒྱུད་དགོས་པ་ཞིག་ཡིན། དེ་ནི་ཆོས་དང་མ་འགྲེལ་བའི་བཟང་སྤྱོད་ལས་འགུལ་གྱིས་ཅི་ཞིག་འབད་བརྩོན་ཞུ་བཞིན་པ་དེ་ཡིན།

དེ་ནས་སྤྱི་ཚོགས་ཁྲོད་ཀྱི་མི་དར་མ་ཚོའི་ངོས་ནས་བཤད་ན། འུག་ཅག་གི་ངོས་ནས་བཤད་ན། ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་ལ་ཅི་ཞིག་བྱེད་ཐུབ་ཀྱི་རེད། ང་རང་སྒེར་ངོས་ནས་རེ་བ་ཞིག་ཞུས་ན། ང་ཚོས་ཁྱོད་དང་ངའི་བྱིས་པའི་བཟང་སྤྱོད་ཀྱི་ཕྱོགས་ལ་འབད་བརྩོན་བྱེད་དགོས་ཀྱི་འདུག ངས་འདིར་ཁྱོད་དང་ངའི་བྱིས་པ་ཟེར་བ་ནི། རང་གི་ཤ་ཁྲག་ལས་ཆེད་པའི་བྱིས་པ་གཅིག་པུ་ཟེར་གྱི་མེད།

གལ་ཏེ་རང་ཉིད་སྤྱི་ཚོགས་ཁྲོད་ནས་ཤེས་ཡོན་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཞིག་ཡིན་ན། རང་གི་ལས་ཀའི་ཁྱབ་ཁུངས་ཀྱི་བྱིེས་པར་ཟེར་གྱི་ཡོད་ལ། གལ་ཏེ། རང་ཉིད་རང་གི་ཚ་བོ་དང་ཚ་མོ་སོགས་གང་ལྟར་བྱིས་པ་མང་བའི་འཁོར་ཡུག་ཅིག་གམ། མདོར་ན་མི་རབས་གསར་བ་མང་བའི་འཁོར་ཡུག་ཅིག་ཏུ་ཡོད་ན། བཟང་སྤྱོད་ཀྱི་ཁ་ཕྱོགས་ནི་བརྒྱ་ཆ་དགུ་བཅུའི་གལ་ཆེན་རང་བཞིན་ཞིག་ཡིན།

ཤེས་ཡོན་གྱི་ཕྱོགས་ནས་ལེགས་འགྲུབ་ཡོང་མིན་དང་། རང་གི་བྱིས་པར་ཐོན་གསར་ཤོས་ཀྱི་གློག་ཆས་གང་ཞིག་ཉོ་ཐུབ་མིན་གཅིག་བུར་ཚད་གཞི་འཛིན་ས་མི་བྱེད་པར། བྱིས་པ་ཚོས་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གྱི་ཆ་ཕྲན་བུ་རེ་སྟེ། ཁོ་ཚོས་གཞན་ལ་བྱམས་བརྩེ་ལྡན་པའི་བྱ་བ་རེ་བྱེད་སྐབས། དེ་ལ་བསྔགས་བརྗོད་བྱེད་ཅིང་། བྱ་བ་དེ་གནད་དོན་ཆེན་པོ་ཞིག་ཏུ་གཏོང་བར་བྱ། དེ་གཅིག་ཡིན།

གཉིས་ནས། གལ་ཏེ་ང་ཚོས་བྱིས་པར་མཛུབ་ཁྲིད་བྱེད་མ་ནུས་ཚེ། བྱིས་པས་ཅི་ཞིག་ཤེས་ཡོང་བའི་རེ་བ་ཅི་ལྟར་བྱེད་ཐུབ་བམ། ཤེས་ཡོན་གྱི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རང་གི་ཉམས་མྱོང་གི་སྒོ་ནས་བཤད་ན། བྱིས་པ་ཚོས་གནས་ཚུལ་གང་ཞིག་ཤེས་རྟོགས་ཐུབ་བྱེད་གཅིག་པུ་ནི། ཁོ་ཚོས་གཞན་ལ་ལད་ཟློས་བྱེད་རྒྱུ་དེ་རེད་ལ། འུ་ཅག་གིས་ཁོ་ཚོར་མིག་དཔེ་ཞིག་བཞག་ཚེ་གཞི་ནས་ཁོ་ཚོས་ཤེས་ཐུབ་པ་དེ་རེད། དེར་བརྟེན། གནད་དོན་གཉིས་པ་ནི། རང་ཉིད་ཀྱིས་འགྲོ་བ་མིའི་ནང་གི་བཟང་པོའི་ཡོན་ཏན་དེ་དག་ལག་ལེན་བྱེད་དགོས་པ་དེ་རེད།

མཇུག་མཐར་བཤད་རྒྱུ་ཞིག་ལ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་ལ་ཞིབ་འཇུག་དང་དེབ་མང་ཙམ་བཀླགས་ནས། རང་ཉིད་ཡར་རྒྱས་གཏོང་དགོས། དྲ་རྒྱ་དང་དྲ་རྒྱའི་ཐོག་ཙམ་མ་ཡིན་པར། དེའི་ཐད་ཚན་རིག་གིས་གསར་རྟོགས་བྱུང་བ་ཁག་དང་། དེ་བཞིན་རྩོམ་ཡིག་མང་པོ་ཡོད་པ་རེད།

རང་ཉིད་ཡར་རྒྱས་གཏོང་བའི་རྒྱུ་ཆའི་སྐོར་ནས།་ངས་རང་གིས་དགའ་ཕྱོགས་ཤིག་ངོ་སྤྲོད་བྱས་ན། www.secularethics.rogནི་ང་ཚོས་གོམས་པ་དང་པོ་སྤོ་ས་ཡིན། དྲ་རྒྱ་དེར་བྱམས་བརྩེས་ང་ཚོའི་སེམས་ལ་བྱེད་ལས་ཅི་ཞིག་འདོན་གྱི་ཡོད་པ་དང་། ཅིའི་ཕྱིར་སེམས་ཚོར་གྱི་ཕྱོགས་ནས་ཤེས་ཡོན་ཡོད་རྒྱུ་ནི། སྤྱང་གྲུང་ལྡན་རྒྱུ་ལྟ་བུ་གལ་ཆེན་རང་བཞིན་ཅན་གཞན་དང་འདྲ་བར་དགོས་གལ་ཆེན་པོ་ཡིན་པ་བཅས་རྟོགས་ཐུབ། དེ་ལྟར་རང་ཉིད་ཡར་རྒྱས་གཏོང་བར་བྱ།

ཁྱེད་ཀྱིས་ཤེས་ངེས་རེད། དཀའ་ངལ་ཞིག་ཤེས་རྟོགས་བྱུང་ནས་དེ་བསེལ་བའི་ཐབས་ལམ་ཞིག་འཚོལ་བ་ནི། འགྲོ་བ་མིའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་མ་ཡིན་ནམ། ང་ཚོར་དཀའ་ངལ་ཞིག་ཡོད་པ་རེད། ང་ཚོས་རང་ཉིད་གནས་སའི་འཇིག་རྟེན་འདི་གསལ་པོ་ཤེས་ཀྱི་ཡོད། འགྲོ་བ་མི་ནི་དོན་དངོས་སུ་དེ་ཙམ་འགྲོ་བ་མི་ཞིག་མིན་པ་ང་ཚོས་ཤེས་ཡོད། དེ་འདྲ་ཡིན་སྟབས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་དཀའ་ངལ་དེ་བསེལ་བའི་ཐབས་ལམ་ཞིག་ཡིན།

གལ་ཏེ་ང་ཚོས་འཛམ་གླིང་ཞི་བདེ་དང་། མི་ཚང་མ་ཕན་ཚུན་འཆམ་མཐུན་ལྡན་ཞིང་། ཀུན་གྱིས་ཕན་ཚུན་ལ་མི་བཟང་པོ་ཞིག་གི་སྤྱོད་ལམ་སྟོན་ཞིང་། ཕན་ཚུན་སྤུན་གྲོགས་ལྟ་བུའི་མཐུན་སྒྲིལ་གྱི་འདུ་ཤེས་ཤིག་ཡོད་རྒྱུ་དེ་གལ་ཆེན་དུ་འཛིན་གྱི་ཡོད་ན། དེ་ནས་སྐུ་ཉིད་རང་ཁྱིམ་དུ་ཕེབས་ནས་དེའི་སྐོར་ལ་ཅི་ཞིག་གནང་རོགས། བཀའ་དྲིན་ཆེ།

མ་རྩོམ་གྱི་འབྲེལ་ཐག  ttps://youtu.be/BgNem51sYg4

བསྐྱར་བཅོས།: ༢༠༢༠/༠༤/༣༠

Leave a Reply