ཕྱི་ཟླ་ ༥ ནང་ཛ་དྲག་ཡིན་ན་མ་གཏོགས་དྷ་རམ་ས་ལར་མ་ཕེབས་རོགས།

སྲིད་སྐྱོང་མཆོག་ནས་རྒྱ་གར་ཡུལ་མིར་རོགས་སྐྱོར་གནང་མཁན་བོད་མི་ཚོས་སྐམ་ཟས་བགོ་འགྲེམས་གནང་བ་ཡིན་ན་ས་གནས་རྫོང་དཔོན་ལས་ཁུངས་སུ་བསྐྱལ་བཞག་ན་ཡག་ཤོས་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་ནང་ཕྱི་ཟླ་ ༥ པ་ནི་སོ་ནམ་ཞིང་ལས་བྱེད་པའི་ཟླ་བ་ཡིན་སྟབས། རྒྱ་གར་བ་ས་ཡ་གསུམ་ལྷག་རང་ཁྱིམ་ནས་ཕྱིར་ཡོང་ནས་ཞིང་ཁར་འགྲོ་དུས་སྤྱི་ཚོགས་རྒྱང་བཀྱེད་(Social Distancing)ལག་ལེན་བསྟར་བར་རང་བཞིན་གྱིས་ཁག་པོ་ཆགས་འགྲོ་བས། ཏོག་དབྱིབས་ནད་ཡམས་དེ་ཉིད་ཀྱི་གྲངས་ཚད་མང་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད། སྐབས་དེར་ངེས་པར་དུ་བོད་མིའི་གཞིས་ཆགས་དང་སློབ་གྲྭ། སྨན་ཁང་ཁག་སྒོ་རྒྱག་དགོས་པ་མ་ཟད། འཛིན་རིམ་བཅུ་པ་དང་བཅུ་གཉིས་ནང་ཡོད་པ་ཚོས་ཀྱང་ལོ་འཁོར་ཡིག་རྒྱུགས་རྫོགས་རྗེས་རང་ཁྱིམ་དུ་མ་ལོག་པར་སློབ་གྲྭ་རང་དུ་གནས་དགོས་ལ། དམིགས་བསལ་བཞུགས་སྒར་དྷ་རམ་ས་ལར་ཕྱི་ལོག་ནས་བོད་མི་ཚོ་མི་ཡོང་བ་དང་། ཆེས་ཛ་དྲག་ཡིན་ན་མ་གཏོགས་དྷ་རམ་ས་ལ་ཁུལ་གྱི་བོད་མི་ཚོའང་ས་གནས་གཞན་ཁག་ཏུ་མ་འགྲོ་རོགས། གལ་སྲིད་བོད་མི་ཏོག་དབྱིབས་ཡོད་པ་ཞིག་བཞུགས་སྒར་དུ་བསླེབ་ན། རྗེས་སུ་བཞུགས་སྒར་དྷ་རམ་ས་ལ་དང་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་སྲིད་པ་རེད། ཅེས་གསུངས་སོང་།

སྤྱིར་བོད་ཀྱི་དགོན་སྡེ་དང་གཞིས་ཆགས། དེ་བཞིན་མི་སྒེར་ངོས་ནས་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་འཚོ་བའི་རོགས་སྐྱོར་ཆེད་སྐམ་ཟས་བགོ་འགྲེམ་བྱེད་བཞིན་འདུག་པ་དེར་བསྔགས་བརྗོད་ཡི་རངས་དང་མུ་མཐུད་ནས་གནང་དགོས་ཞུ་རྒྱུ་ཡིན། འོན་ཀྱང་། ཕྱི་ཟླ་ ༥ པའི་ནང་གོང་དུ་བརྗོད་པ་ལྟར་རྒྱ་གར་ཡུལ་མི་སུ་ཞིག་ལ་རོགས་སྐྱོར་བྱེད་པ་ཡིན་ཡང་དམིགས་བསལ་གྱིས་སྤྱི་ཚོགས་རྒྱང་བཀྱེད་ལ་དོ་སྣང་བྱེད་དགོས་ཀྱི་འདུག རབ་བྱུང་ན་རྒྱ་གར་ས་གནས་རྫོང་དཔོན་ལས་ཁུངས་སུ་སྐམ་ཟས་བགོ་འགྲེམ་ཆེད་བསྐྱལ་བཞག་ན་ཡག་པོ་འདུག དེ་མིན་གོ་ནོར་ཐེབས་ཏེ་རྗེས་སུ་བོད་མི་ནས་ནད་ཡམས་དེ་འགོས་སོང་ཞེས་པའི་ལབ་གླེང་ཆགས་སོང་ན་ཡག་པོ་ཡོད་མ་རེད་ལ། ཁོང་ཚོའི་སར་ནས་བོད་མི་ཞིག་ལ་ནད་ཡམས་དེ་འགོས་ན་ཡང་བོད་པའི་སྤྱི་ཚོགས་ལ་གྱོང་གུད་ཆེན་པོ་ཐེབས་པའི་ཉེན་ཁ་ཡོད་པས་ཡིད་གཟབ་བྱེད་དགོས་པའི་འབོད་སྐུལ་གནང་སོང་བ་མ་ཟད། གཞིས་ཆགས་ཁག་ཏུ་བོད་མི་སུ་ཞིག་ཡིན་ཡང་། ཏོག་དབྱིབས་ཀྱི་དཀའ་ངལ་དང་འཚོ་བའི་དཀའ་ངལ་སོགས་གང་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་། གཞིས་ཆགས་སོ་སོའི་ས་གནས་མགོ་འཛིན། སྨན་ཁང་འགན་འཛིན། སྨན་པ། སྨན་ཞབས་པ་སོགས་ཀྱི་འབྲེལ་གཏུག་ཁ་པར་ཨ་གྲངས་བཀོད་ཡོད་པས་འབྲེལ་བ་བྱེད་དགོས་པའི་སྐུལ་མ་གནང་སོང་།དེའི་རྗེས་ནང་སྲིད་བཀའ་བློན་འཁོར་ལྷ་བསོད་ནམས་སྟོབས་རྒྱལ་མཆོག་གིས། བོད་ཀྱི་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་ཚང་མ་ཡོད་པའི་(Whatsapp)ཚོགས་པ་ཞིག་བཟོས་ཡོད། ས་གནས་མགོ་འཛིན་ཚོས་རང་ཁོངས་གཞིས་ཆགས་སུ་དཀའ་ངལ་གང་ཞིག་ཡོད་ཀྱང་། ཚོགས་པ་དེ་བརྒྱུད་དབུས་ནང་སྲིད་ལས་ཁུངས་སུ་སྙན་སེང་ཞུ་གི་ཡོད་རེད། ནང་སྲིད་ལས་ཁུངས་ནས་ཕྱོགས་མཐའ་ཁག་གི་སྙན་སེང་ཞུས་པ་དེ་དག་ལ་གལ་ཆེན་དོན་ཆེན་བྱས་ཏེ་ཕྱོགས་བསྡོམས་ཀྱིས་གོ་བསྡུར་དང་། ཛ་དྲག་ཅན་རྣམས་སྐབས་འཕྲལ་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་རྣམས་ཞུ་གི་ཡོད་ལ། གཞིས་ཆགས་སོ་སོའི་ནང་ཕྱི་ལོག་ནས་མི་སུ་ཞིག་བསླེབས་པ་ཡིན་ཡང་ཟུར་བཀག་གིས་ཉིན་ཤས་རིང་སྡོད་གནས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་མ་ཟད། དེ་དག་ལ་བོད་ཀྱི་དགོན་སྡེ་ཁག་དང་མི་སྒེར་མང་པོ་ཞིག་གིས་མཉམ་རུབ་གནང་གི་འདུག་པ་དེ་ཚོར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ད་ལྟ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཁག་ཅིག་ལ་འཚོ་བའི་ཐད་དཀའ་ངལ་འཕྲད་བཞིན་ཡོད་པའི་བརྙན་ཐུང་འགའ་ཤས་ཁྱབ་བཞིན་པའི་སྐོར་ལ་ཁོང་གིས། ད་ལྟ་ཛ་དྲག་གི་གནས་སྟངས་འདི་འདྲ་ཞིག་གི་སྐབས་ལ་གཞིས་ཆགས་རེ་ཟུང་ནང་གོ་སྐབས་བཙལ་ཏེ། བོད་མི་ཉམ་ཐག་ཡིན་ཞེས་དཔལ་འབྱོར་བསྡུ་སློང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་མོན་གྷོ་དང་དྷ་རམ་ས་ལ་ནས་ཀྱང་དེ་རིགས་བྱུང་སྟེ་བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་སུ་འགྲོ་བའི་གནས་ཚུལ་རིགས་ཡོང་གི་ཡོད་སྟབས། ཉམ་ཐག་གི་གནས་ཚུལ་བསྡུ་ལེན་བྱེད་སྐབས་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་རམ་གནང་གི་ཡོད་མེད་འདྲི་དགོས་པ་དང་། གལ་སྲིད་རོགས་རམ་ཐོབ་ཀྱི་མེད་ན་ཡར་སྙན་ཞུ་ཕུལ་ཡོད་མེད་འདྲི་དགོས་ལ། སྙན་ཞུ་ཕུལ་ཡོད་ནའང་ཉམ་ཐག་ལ་རོགས་རམ་ཐོབ་མེད་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་སྒྲུབ་མ་ཐུབ་པ་ཡིན་སྐོར་སོགས་གསུངས་སོང་།

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༣༠

Leave a Reply