མཚུར་ཕུ་བླ་བྲང་གིས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་ ༡༠ ཞལ་འདེབས་སུ་ཕུལ།

ཕྱི་ཟླ་ ༤ ཚེས་ ༢༥ རྗེས་ལ་དྷ་རམ་ས་ལར་འབྱོར་མཁན་རྣམས་ཀྱིས་ངེས་པར་དུ་ས་གནས་མགོ་འཛིན་ལས་ཁུངས་སུ་ཐོ་འགོད་དགོས་པ་མ་ཟད་ཉིན་གྲངས་ ༢༨ རིང་ཟུར་བཀག་ནང་སྡོད་དགོས་སྐོར་གསལ་བརྡ་བཏང་འདུགདེ་རིང་དཔལ་རྒྱལ་དབང་ཀརྨ་མཆོག་གི་ཐུགས་དགོངས་བཞིན་རྒྱུད་སྟོད་དུ་རྟེན་གཞི་བྱས་པའི་མཚུར་ཕུ་བླ་བྲང་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེར་ཐེབས་རྩར་ཧིན་སྒོར་འབུམ་ ༡༠ ཞལ་འདེབས་སུ་ཕུལ་ཏེ། བོད་མིའི་སྒྲིག་འཛུགས་ནས་བོད་མི་དཀའ་ངལ་ཅན་རྣམས་ལ་རོགས་སྐྱོར་གནང་བཞིན་པར་རམ་འདེགས་ཞུས་གནང་ཡོད་འདུག

དེ་འབྲེལ་གྱི་མཚུར་ཕུ་བླ་བྲང་གི་ཡི་གེའི་ནང་། ད་ལྟའི་གཉན་འཕྲང་གི་དུས་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག ཏོག་དབྱིབས་ནད་དུག་འགོས་ཁྱབ་སྔོན་འགོག་ཐད་ཐབས་ཤེས་ཡོད་རྒུ་འདོན་བཞིན་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་ལ་བཀའ་དྲིན་ཆེ་ཞུ་ཡི་ཡོད། ཅེས་གསུངས་འདུག

དེ་བཞིན། དེ་རིང་དྷ་ས་ས་གནས་མགོ་འཛིན་བརྒྱུད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་ཐོ་གཞུང་ལྟར། བཞུགས་སྒར་ཁུལ་གྱི་བོད་མི་ཉམ་ཐག་མི་གྲངས་ ༡༥༠ ཙམ་ལ་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་རིགས་ལམ་སློབ་གཉེར་ཁང་། དྷ་སའི་ཁུལ་གྱི་ཆོས་གསུམ་ཆིལ་སྒྲིལ་ཚོགས་པ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཁྱོན་ཚོགས་པ་ཁག་ ༥ ཡིས་བོད་མི་ཉམ་ཐག་རྣམས་ལ་སྦྱིན་གཏོང་གི་ལས་གཞི་སྤེལ་ཡོད་པ་རེད།གཞན་ཡང་། ཁ་སང་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་དུས་རྒྱུན་གྱི་བཀའ་སློབ་ལམ་སྟོན་ལྟར། ཏོག་དབྱིབས་ནད་དུག་གི་ཁྱིམ་སྡོད་བཀའ་ཁྱབ་འོག དཀའ་ངལ་འཕྲད་བཞིན་པ་དང་ས་གནས་གཞུང་བཅས་ལ་གདུང་སེམས་མཉམ་སྐྱེད་དང་ཕྱར་གྲུ་མཉམ་འདེགས་མཚོན་སླད། དྷ་ས་ས་གནས་བདེ་དོན་ལས་ཁུངས་བརྒྱུད་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་ ༡༠༠༡༡༣ དང་། དེ་བཞིན། དྷ་སར་ཁང་གླ་སོགས་དཀའ་ངལ་འཕྲད་བཞིན་པའི་བོད་མིའི་ཁྱིམ་ཚང་ ༢༣ ལ་མི་ཚང་རེར་ཧིན་སྒོར་ ༣༠༠༠ བཅས་ཁྱོན་ཧིན་སྒོར་ ༦༩༠༠༠ གནང་ཡོད་པ་མ་ཟད། དྷ་ས་དང་ནོར་གླིང་ཁུལ་དུ་དངོས་ཡོད་དཀའ་ངལ་འཕྲད་བཞིན་པའི་བོད་པ་དང་རྒྱ་གར་བ་རྣམས་ལ་ཟས་རིགས་སོགས་ཀྱིས་རོགས་སྐྱོར་གནང་ཡོད་འདུག

དེ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལྟར། རང་རིགས་བོད་མིའི་ཁྲོད་ནས་གཉན་རིམས་ཀྱི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པའམ། ནད་ཀྱིས་མནར་བཞིན་པ་རྣམས་མྱུར་ཏུ་ནད་ལས་གྲོལ་ཏེ་ཚེ་ལྷག་དོན་ལྡན་ཡོང་བ། ཚེ་འདས་དང་ནད་པའི་ནང་མི་ཉེ་འཁོར་བཅས་པར་ནད་དེ་མི་འགོ་བ་བཅས་ཀྱི་སླད་དུ། རང་ལུགས་ཆོས་ཕྱོགས་ཀྱི་བྱེད་སྒོ་དགེ་འདུན་པ་བཞི་གྲྭ་ཡན་གྱིས་སྨོན་ལམ་གསུང་འདོན་དང་རྐྱེན་སེལ་རིམ་གྲོ་བྱ་རྒྱུའི་ཐོག་རོགས་སྐྱོར་དགོས་གལ་ཡོད་རིགས་ནས་ཆོས་རིག་ལས་ཁུངས་ལ་འབྲེལ་བ་ཞུ་དགོས་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ཆེད་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ལ་རེ་བསྐུལ་ཞུ་རྩིས་ཡོད་སྐོར་གསུངས་འདུག

ཡང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་གསལ་བསྒྲགས་ཤིག་བཏང་བའི་ནང་། ཕྱི་ཟླ་ ༤ ཚེས་ ༢༥ རྗེས་སུ་དྷ་རམ་ས་ལར་འབྱོར་མཁན་རྣམས་ཀྱིས་ངེས་པར་དུ་ས་གནས་མགོ་འཛིན་ལས་ཁུངས་ལ་ཐོ་འགོད་བྱས་ཏེ། ཉིན་གྲངས་ ༢༨ རིང་ཟུར་བཀག་ནང་འདུག་དགོས་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༠༡

Leave a Reply