ཇོ་མོ་གླང་མའི་མཐོ་ཚད་བསྐྱར་དུ་འཇལ་རྒྱུ་ཡིན་ཟེར། 

རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་དཔྱད་ཞིབ་ཐེངས་ ༧ པ་དེ་འདི་ལོའི་ཕྱི་ཟླ་ ༥ པའི་ནང་མགོ་འཛུགས་རྒྱུ་ཡིན་པར་བཤད།ཟླ་འདིའི་ཕྱི་ཚེས་ ༡ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་བརྙན་འཕྲིན་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༥ ནང་རྒྱ་ནག་གི་ཚད་འཇལ་རུ་ཁག་དང་རི་འཛེགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་དུ་ཚད་འཇལ་བྱ་རྒྱུ་ཡིན་སྐོར་བསྒྲགས།

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་གཞུང་འབྲེལ་ཚད་འཇལ་རུ་ཁག་དང་རྒྱ་ནག་གི་རི་འཛེགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གསལ་འགོད་གསལ་བསྒྲགས་ཤིག་ཚོགས་ཏེ། ཐེངས་འདིའི་ཚད་འཇལ་བརྟག་དཔྱད་དེ་རྗེས་ཕྱོགས་སའི་གོ་ལའི་སྒུལ་ཤུགས་རིག་པའི་ལེབ་དུམ་འགུལ་སྐྱོད་ཞིབ་འཇུག་དང་།  གངས་ཀྱི་མཐུག་ཚད་དང་གནམ་གཤིས་གནས་བབ།  མཁའ་རླུང་དང་འཁྱགས་རོམ་སོགས་ལ་བརྟག་དཔྱད་ཀྱིས་ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཞིབ་འཇུག་གྲུབ་དོན་མཁོ་འདོན་བྱ་ཐུབ་སྐོར་བརྗོད་འདུག

ཡང་དེ་འབྲེལ་གནས་ཚུལ་ནང་། འདི་ལོ་ནི་མིའི་རིགས་ཇོ་མོ་གླང་མའི་བྱང་ངོས་ནས་རྒྱལ་ཁའི་ངང་རི་རྩེར་འཛེགས་ནས་ལོ་ ༦༠ འཁོར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་མཐོ་ཚད་ཡོངས་བསྒྲགས་བྱས་ཏེ་ལོ་ངོ་ ༤༥ འཁོར་ཡོད་པས། ཐེངས་འདིའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་འཆར་དེར་ལོ་རྒྱུས་ཀྱི་དོན་སྙིང་ཡོད་སྐོར་དང་། ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་སློབ་སྦྱོང་དང་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་མཚོན་པ་མ་ཟད། མིའི་རིགས་ཀྱིས་སའི་གོ་ལར་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི་མཚོན་རྟགས་ཤིག་ཡིན་སྐོར་བརྗོད།རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བོད་ཀྱི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་དང་གནམ་གཤིས་མཁའ་རླུང་སོགས་ཐེངས་ ༦ ལ་ཚད་འཇལ་དང་བརྟག་དཔྱད་བྱས་ཡོད་པ་དང་། མཐོ་ཚད་ཀྱི་གྲུབ་དོན་ཐེངས་གཉིས་ལ་ཡོངས་བསྒྲགས་བྱས་པ་ལས་ཕྱི་ལོ་ ༡༩༧༥ ལོར་ཇོ་མོ་གླང་མའི་མཐོ་ཚད་ ༨༨༤༨.༡༣ དང་། ཕྱི་ལོ་ ༢༠༠༥་ལོར་བསྐྱར་དུ་འཇལ་བའི་མཐོ་ཚད་ལ་ ༨༨༤༤.༤༣ ཡིན་སྐོར་བསྒྲགས་ཡོད་ན་ཡང་། སྐབས་དེར་མཐོ་ཚད་འཇལ་ཆས་དང་ཚད་འཇལ་ཐབས་ལམ་སོགས་ཀྱི་ལག་རྩལ་ཞན་པས། མཐོ་ཚད་འཇལ་ཐེངས་ཁ་ཤས་ཏག་ཏག་མ་བྱུང་བ་སོགས་བྱུང་ཡོད་འདུག

ཇོ་མོ་གླང་མ་ནི་བལ་བོད་གཉིས་ཀྱི་ས་མཚམས་སུ་ཁེལ་བའི་འཛམ་གླིང་གི་རི་བོ་མཐོ་ཤོས་དང་། ཚན་རིག་པ་དང་རི་འཛེགས་པ་ཚོས་ཇོ་མོ་གླང་མ་ནི་མིའི་རིགས་ཀྱི་སྙིང་སྟོབས་མཚོན་དཔེ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཇོ་མོ་གླང་མ་དེ་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལྟེ་གནས་བཟོས་ཡོད་པ་མ་ཟད། ལོ་རེ་བཞིན་མི་གྲངས་སྟོང་ཕྲག་མང་པོ་ཇོ་མོ་གླང་མར་རི་འཛེགས་དང་ལྟ་སྐོར་ཆེད་ཡོང་སྟེ། རི་ངོས་སུ་གད་སྙིགས་དང་རི་འཛེགས་པའི་མི་རོ་སོགས་ཀྱིས་ཁེངས་སྟེ་ཇོ་མོ་གླང་མའི་སྐྱེས་ཁམས་དང་གནམ་གཤིས་གནས་བབ་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད།ཕྱི་ལོ་ ༢༠༡༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྙན་ཐོ་ལྟར་ན། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་། རི་འཛེགས་མཁན་གྱིས་རི་བོ་ཇོ་མོ་གླང་མའི་སྟེང་དབྱང་རྫས་དང་ཟས་རིགས་ཀྱི་ལྕགས་ཊིན། རི་འཛེགས་ཡོ་ཆས་དང་ཆང་དམ་སོགས་གད་སྙིགས་ཊོན་ ༡༤༠ ཙམ་སྤུངས་ཡོད་པ་དང་། རི་འཛེགས་པ་ ༢༠༠ ལྷག་རི་སྒང་ནས་རྐྱེན་འདས་ཕྱིན་པའི་ཕུང་པོ་ལེན་མ་ཐུབ་པ་དང་། རི་ངོས་སུ་གད་སྙིགས་འབོར་ཆེ་བ་དང་གོ་ལའི་གནམ་གཤིས་ཚ་དྲོད་སོགས་ཀྱིས་ཇོ་མོ་གླང་མའི་འཁྱགས་རོམ་དང་སྐྱེས་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ།་སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༢༠/༠༥/༠༢

Leave a Reply