བྱང་ཀོ་རི་ཡ་གཞུང་གིས་ཀེམ་ཇོང་ཨན་གྱི་གནས་ཚུལ་སྤེལ།

ཉེ་སྔོན་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་སྐོར་སོགས་ཀྱི་དོགས་སློང་རིགས་མང་པོ་བྱེད་བཞིན་ཡོད་པས་དེ་རིང་ཡུལ་དེའི་གཞུང་འབྲེལ་བརྒྱུད་ལམ་དུ་ཀེམ་ཇོང་ཨན་མཛད་སྒོ་ཞིག་ཏུ་ཕྱིན་པའི་གནས་ཚུལ་སྤེལ།དེ་རིང་ཕྱི་ཚེས་ ༢ ཉིན་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་ལྟར་ན། ཁ་སང་ཀེམ་ཇོང་ཨན་གྱིས་ལུད་རྫས་བཟོ་ཚོང་ཁང་ཞིག་གི་སྒོ་འབྱེད་མཛད་སྒོའི་ཐོག་ཞུགས་ཡོད་སྐོར་བརྗོད་དེ། སྒོ་འབྱེད་མཛད་སྒོའི་སྐབས་ཀེམ་གྱིས་དར་རས་དམར་པོ་གཅོད་ཀྱི་ཡོད་པའི་པར་རིས་སོགས་འགྲེམས་སྤེལ་བྱས་འདུག

བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་ (KCNA) ་ནང་།  རྒྱལ་ས་པོང་ཡང་ (Pyongyang) གི་བྱང་ཁུལ་གྱི་ལུད་རྫས་ཁང་ཞིག་ཏུ་མི་མང་གི་དགའ་སྤྲོའི་འབོད་སྒྲ་བསྒྲགས་པའི་ཁྲོད། ཀེམ་ཇོང་ཨན་གྱི་གཙོས་ཀེམ་གྱི་སྲིང་མོ་ཀེམ་ཡོ་ཇོན་ (Kim Yo-jong) དང་བྱང་ཀོ་རི་ཡའི་མཐོ་རིམ་མགོ་ཁྲིད་གཞན་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཀེམ་གྱིས་ལུད་རྫས་བཟོ་ཚོང་ཁང་དེའི་ཐོན་རྫས་ལ་ཡིད་ཚིམས་པ་བྱུང་བ་བརྗོད་ཡོད་སྐོར་དང་། ལུད་རྫས་དང་འབྲུ་རིགས་ཐོན་སྐྱེད་ལ་བསྔགས་བརྗོད་བྱས་པ་བཀོད་འདུག

ཉེ་སྔོན་ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་བྱང་ཀོ་རི་ཡའི་ཉིན་རེའི་གསར་འགྱུར་ཁང་ (Daily NK) གིས། ཀེམ་ལ་སྙིང་ཁམས་དང་འབྲེལ་བའི་སྨན་བཅོས་བྱས་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འབྲེལ་ཡོད་ཁག་ཅིག་གིས། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་སྨན་བཅོས་ཆེད་གཤག་བཅོས་བྱས་རྗེས། ཧ་ཅང་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཀྱང་གྲོགས་པོ་ཀེམ་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་སྐོར་གསུངས་ཡོད་པ་རེད། དེ་རིང་གསར་འགོད་པས་ཊོམ་ཕུ་མཆོག་ལ་ཀེམ་གཞུང་འབྲེལ་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་སྐོར་དྲིས་པར་ད་ལྟ་དེའི་སྐོར་ལན་འདེབས་གནང་འདོད་མེད་སྐོར་གསུངས་ཡོད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ཀེམ་དང་འབྲེལ་བའི་འཕྲོད་བསྟེན་གྱི་གནད་དོན་གང་ལའང་ཁ་མཚོན་གཅོད་དཀའ་བ་དང་། བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱུན་ལྡན་མ་ཡིན་པའི་མངོན་རྟགས་གང་ཡང་འབྱུང་གི་མེད་སྐོར་བསྒྲགས་ཡོད་པ་རེད། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་བྱང་ཀོ་རི་ཡའི་ལས་དོན་ལ་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་འབྲེལ་མཐུད་ཚན་པས། ཀེམ་ལ་ནད་གཞི་ལྗིད་མོ་ཞིག་ཕོག་ཡོད་པའི་གནས་ཚུལ་ལ་རྒྱུས་མངའ་མེད་ཚུལ་བརྗོད་ཡོད་པ་རེད།

ཀེམ་བྱང་ཀོ་རི་ཡའི་མགོ་འཁྲིད་དུ་གྱུར་བ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་བྱང་ཀོ་རི་ཡའི་རྒྱལ་ཁབ་གསར་འཛུགས་བྱེད་མཁན་ཀེམ་ཨེལ་སུང་ (Kim Il Sung) སྟེ། ཀེམ་གྱི་སྤོ་པོ་ཡི་སྐྱེས་སྐར་ཐོག་ཆད་མྱོང་མེད་ནའང་། འདི་ལོར་རྒྱལ་ཁབ་ཀྱི་དུས་ཆེན་ཆེ་ཤོས་གྲས་ཀྱི་གཅིག་དེའི་ཐོག་ཀེམ་མཐོང་རྒྱུ་མེད་པར་བརྟེན། ཁོའི་ལུས་ཕུང་བདེ་མིན་གྱི་དོགས་སློང་བྱུང་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་མགོ་འཁྲིད་ཀྱི་གོ་ཐོབ་ནི་ཆབ་སྲིད་ཀྱི་གོ་གནས་ཅི་ཙམ་མཐོ་མིན་མ་ཡིན་པར་ཁྲག་རྒྱུན་གཙོ་བོར་འཛིན་གྱི་ཡོད་པས། སྲིང་མོ་ཀེམ་ཡོ་ཇོན་གྱིས་ཀེམ་གྱི་རྗེས་སུ་སྲིད་དབང་འཛིན་སྲིད་པའི་ཚོད་དཔག་ཀྱང་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༩ ནང་ཙམ་ནས་ཉིན་གྲངས་ ༤༠ ལ་ཀེམ་གཞུང་འབྲེལ་བརྒྱུད་ལམ་ནས་མཐོང་རྒྱུ་མེད་པར་གྱུར་ཡོད་པ་དང་། ཕྱིས་སུ་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་གིས་ཀེམ་ལ་ལུས་ཕུང་བདེ་མིན་ཙམ་བྱུང་བ་ཡིན་སྐོར་བརྗོད་དེ། ཀེམ་གྱིས་འཁར་རྒྱུག་འཁུར་ཡོད་པའི་འདྲ་པར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་མ་ཟད། ཀེམ་གྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་པའི་གླེང་ཕྱོགས་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༠༢

Leave a Reply