དེ་རིང་ཞོགས་པར་ལྷོ་བྱང་ཀོ་རི་ཡའི་བར་འཁྲུག་འཛིང་ཤོར།

བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གྱི་གཞུང་འབྲེལ་གནས་ཚུལ་ཐོན་ནས་ཉིན་གཅིག་ལས་མ་འགོར་བར་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་མེ་མདའ་རྒྱག་རེས་བྱས་ཡོད་འདུག

རྒྱལ་སྤྱིའི་བྷུ་ལུམ་བྷག་གསར་ཁང་དང་ཨལ་ཇེ་ཛི་ར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོར་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ལྟེ་བར་ཡུལ་གཉིས་ཀྱི་དམག་མིའི་བར་མེ་མདའ་རྒྱག་རེས་བྱུང་ཡོད་སྟབས། ད་ལྟ་ཡུལ་གཉིས་བར་དམག་དོན་བརྒྱུད་ལམ་བརྒྱུད་གྲོས་མོལ་བྱེད་བཞིན་ཡོད་འདུག

དེ་ཡང་ལྷོ་ཀོ་རི་ཡའི་གཞུང་གིས། དེ་རིང་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༧།༤༡ ཐོག་ལྷོ་བྱང་ཀོ་རི་ཡའི་དམག་ཤུགས་ཕྱིར་བསྡུ་བྱས་པའི་ས་མཚམས་ལྟེ་བར། བྱང་ཀོ་རི་ཡའི་དམག་མིས་ལྷོ་ཀོ་རི་ཡའི་ས་མཚམས་སྲུང་དམག་ལ་མི་མདའ་ཐེངས་འགའ་འཕངས་པའི་རྐྱེན་གྱིས། ལྷོ་ཀོ་རི་ཡས་ཀྱང་ཕར་རྒོལ་བྱས་པ་མ་ཟད་ཉེན་བརྡའང་བཏང་ཡོད་པ་དང་། ད་ཐེངས་ཀྱི་དོན་རྐྱེན་ཁྲོད་ལྷོ་ཀོ་རི་ཡའི་དམག་མིར་རྨས་སྐྱོན་གང་ཡང་ཕོག་མེད་ཅིང་། ད་ལྟའི་ཆར་གནས་སྟངས་རྒྱུས་ལོན་དང་ཞི་འཇགས་ཡོང་ཆེད་ཕན་ཚུན་བར་སྐད་ཆ་བཤད་མུས་ཡིན་པ་དང་། གནས་སྟངས་ཇེ་སྡུག་ཏུ་སོང་ཚེ་ལྷོ་ཀོ་རི་ཡ་ལ་གྲ་སྒྲིག་ཡོད་སྐོར་ཡང་བརྗོད་ཡོད་འདུག

དེ་རིང་གི་དོན་རྐྱེན་འདི་ནི་འདས་པའི་ཉིན་གྲངས་ ༢༠ ལྷག་གི་རིང་གོ་རྒྱུ་ཐོས་རྒྱུ་མེད་པའི་བྱང་ཀོ་རི་ཡའི་ཆེས་མཐོའི་མགོ་འཁྲིད་ཀེམ་ཇོང་ཨན་གྱི་འཕྲོད་བསྟེན་སྐོར་ནས་ཚོད་དཔག་རང་བཞིན་གྱི་གླེང་གཏམ་ཤུགས་ཆེན་པོ་བྱུང་བའི་རྐྱེན་གྱིས། བྱང་ཀོ་རི་ཡའི་གཞུང་གིས་ཀེམ་ཇོང་ཨན་མཛད་སྒོ་ཞིག་ཏུ་མཉམ་ཞུགས་བྱས་ཡོད་སྐོར་གྱི་གཞུང་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ཉིན་གཅིག་གི་རྗེས་ཏག་ཏག་ལ་བྱུང་ཡོད། དེ་ཡང་ཁ་སང་བྱང་ཀོ་རི་ཡས་ཀེམ་ཇོང་ཨན་རྫས་ལུད་བཟོ་སྐྲུན་ཁང་ཞིག་ལེགས་གྲུབ་བྱུང་བའི་མཛད་སྒོར་བཅར་ཡོད་སྐོར་གྱི་པར་རིས་དང་གནས་ཚུལ་སྤེལ་ཡོད་པ་རེད།

དེ་སྔོན་ཕྱི་ལོ་ ༢༠༡༤ ལོར་ཀེམ་ཇོང་ཨན་ཟླ་བ་གཅིག་ལྷག་རིང་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་བའི་སྐབས་སུ་ཡང་ཕན་ཚུན་དབར་མེ་མདའ་འཕེན་རེས་ཀྱི་དོན་རྐྱེན་བྱུང་ཡོད། སྤྱིར་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ལྟེ་བ་དེ་ཕྱི་ལོ་ ༡༩༥༠ ལོའི་ཀོ་རི་ཡའི་དམག་འཁྲུག་རྗེས་སུ་བཞག་པའི་ས་མཚམས་ཤིག་ཡིན་པ་མ་ཟད། སྐབས་དེར་ཕྱོགས་གཉིས་ཀྱིས་ས་མཚམས་དེ་ནས་དམག་ཤུགས་ཕྱིར་འཐེན་བྱས་ཏེ། ད་བར་དམག་དཔུང་གཏན་མེད་(Demilitarized Zone)ཀྱི་ས་ཁུལ་ཞིག་ཏུ་འདོད་ཀྱི་ཡོད་མོད། དོན་དངོས་ཐོག་དེ་ནི་འཛམ་གླིང་སྟེང་གི་དམག་དཔུང་དྲག་ཤོས་ཀྱི་ས་ཁུལ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༠༣

Leave a Reply