ཏུན་ཞོ་ཕིན་གྱི་བུས་རྒྱ་ནག་གི་འཐུས་མི་ཚོར་ཕུལ་བའི་ཡོངས་ཁྱབ་དོགས་འདྲི་བཅོ་ལྔ།

སངས་རྒྱས་དཀོན་མཆོག

ཉིན་ཤས་སྔོན།  རྒྱ་ནག་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པས་གཉེར་བཞིན་པའི་རེ་བའི་འབོད་སྒྲ་ཞེས་པའི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༥ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་འཚོགས་གཏན་ཁེལ་ཡོད་པ་དང་བསྟུན། རྒྱ་ནག་གི་མགོ་འཁྲིད་ཏུན་ཞོ་ཕིན་གྱི་བུ་ཆེ་བ་ཏུན་ཕུ་ཧྥང་(邓朴方)གི་མིང་ཐོག་ནས། ཞི་ཅིན་ཕིན་གྱི་སྲིད་དབང་དང་། རྒྱ་ནག་ནང་དབང་ཆ་སྒེར་གཅོད། མི་ཚང་མའི་སེམས་པ་ལྷིང་འཇགས་མེད་པར་བཏང་ཡོད་པ། དེ་བཞིན་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོས་བསམ་ཞིབ་དང་ལན་འདེབས་དགོས་པའི་དྲི་བ་ ༡༥ བཏོན་པའི་ཡོངས་ཁྱབ་ཞུ་ཡིག་ཅིག་སྤེལ་ཡོད་པ་དང་། ཞུ་ཡིག་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་འདུག

ཡོངས་ཁྱབ་ཞུ་ཡིག་དེའི་མགོ་རུ་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་ཅིང་། དམིགས་བསལ་གྱི་དུས་སྐབས་འདིར་ངས་རྒྱ་ནག་གི་མི་སེར་ཚང་མའི་སེམས་ཁམས་ཧ་ཅང་རྙོག་འཛིང་ཡིན་པ་ཤེས་རྟོགས་བྱུང་། གནད་དོན་དེ་དག་དང་འབྲེལ་ངའི་སེམས་སུ་དོགས་གཞི་མང་པོ་ཞིག་ལ་ལན་མེད་པར་ལྷག་ཡོད་ལ། སྐད་ཆ་ཁ་ཤས་བཤད་འདོད་ཀྱང་བཤད་མི་ཕོད་པ་དང་། གནད་དོན་ཁ་ཤས་འདྲི་འདོད་ཀྱང་འདྲི་མི་ཕོད་པ། ཐ་ན་པེ་ཅིན་དུ་ཡོང་ནས་ཚོགས་འདུ་གཉིས་ལ་ཞུགས་པར་འཇིགས་སྣང་ཡོང་བ་དང་། ཉེ་བའི་ལོ་བཅུའི་རིང་ངའི་གཟུགས་གཞིའི་འཕྲོད་བསྟེན་དབང་གིས་སྲིད་དོན་སྐོར་ལ་དོ་སྣང་བྱུང་མེད་ན་ཡང་། ལོ་ཤས་རིང་རྒྱ་ནག་ལ་ཆབ་སྲིད་ཐད་ནས་གནད་དོན་མང་པོ་བྱུང་ཡོད་པ་དང་། ཁ་ཤས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པས། གལ་ཏེ་དུས་སྐབས་འདིར་སུ་གཅིག་ཀྱང་གདོང་ལ་བུད་ནས་སྐད་ཆ་མ་བཤད་པ་ཡིན་ན། རྗེས་ཕྱོགས་ བཤད་འདོད་ཀྱང་གོ་སྐབས་མེད་པར་གྱུར་ཡོད་སྐོར་སོགས་བརྗོད་འདུག

ཡོངས་ཁྱབ་ཞུ་ཡིག་དེའི་ནང་ཞི་ཅིན་ཕིན་གྱི་སྲིད་དབང་སྐོར་ནས་ཆེད་དམིགས་འཐུས་མི་ཚོས་བསམ་ཞིབ་དང་དྲིས་ལན་འདེབས་དགོས་པའི་དྲི་བ་ ༡༥ བཏོན་ཡོད་པ་ལས། དང་པོ། ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོས་རྒྱལ་ཁབ་དང་མི་མང་གི་འདོད་མོས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་ནམ། ཡང་ན། མི་གཅིག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་སྲུང་སྐྱོབ་གལ་ཆེན་ཆགས་ཡོད་དམ།གཉིས་པ། རྩ་ཁྲིམས་ནང་གཏན་འབེབས་ཁ་གསལ་ཡོད་པ་བཞིན། ཚོགས་འདུ་གཉིས་ཀྱི་འཐུས་མི་ཚོར་སྲིད་གཞུང་གི་ནོར་འཁྲུལ་དང་གཞུང་གིས་སྲིད་བྱུས་གང་བྱུང་གཏན་འབེབས་ལ་ལྟ་རྟོག་དང་ཡོ་བསྲང་བྱེད་པའི་དབང་ཆ་ཡོད་པ་བཞིན། ལོ་ཤས་སྔོན་གཞུང་གིས་གང་བྱུང་སྐད་ཆ་བཤད་པའི་ནག་ཉེས་བྱས་པའི་ལས་འགུལ་སྤེལ་བ་མ་ཟད། ད་ལྟའི་ཆར་ཡང་གཞུང་གི་ཉེས་པ་ཡ་མེད་གཏོང་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། གནས་སྟངས་འདི་འདྲའི་འོག་ཏུ་ཚོགས་འདུ་གཉིས་ཀྱི་འཐུས་མི་ཚོར་ཡོད་དགོས་པའི་དོན་སྙིང་ཅི་ཞིག་ཡིན་ནམ།

གསུམ་པ། མི་གཅིག་གི་སྲིད་དབང་སྒེར་འཛིན་གྱི་དུས་ཡུན་དེ་ངེས་མེད་བྱས་ཡོད། ངས་འཐུས་མི་ཚོར་འདྲི་རྒྱུར། རྒྱ་ནག་གི་མགོ་འཁྲིད་དེ་ཡང་སྙིང་གོང་མ་ཞིག་གི་རྒྱུད་འཛིན་པ་ཡིན་ནམ།  ཡང་ན་དམངས་ཀྱིས་བདམས་པའི་སྲིད་འཛིན་དང་ཡང་ན་ཏང་ནང་ཁུལ་ནས་བདམས་པའི་མགོ་འཁྲིད་ཅིག་ཡིན་ནམ། དེ་འདྲ་གང་ཡང་མིན་ན་མི་དེ་སུ་ཞིག་ཡིན་སོང་བ་རེད། ཅེས་བརྗོད་འདུག

བཞི་པ། སྲིད་གཞུང་གིས་ནོར་འཁྲུལ་ཡང་ཡང་བྱེད་བཞིན་པ་དང་། ཏང་ཡོན་ཚོས་བཏོན་པའི་བསམ་འཆར་རིགས་ལ་གཞུང་གིས་ངོས་ལེན་མི་བྱེད་པ་མ་ཟད། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་ལ་ངན་སྐུལ་ཞེས་བསྙོན་འདོགས་བྱེད་བཞིན་ཡོད་པ་རེད། ཡང་སྙིང་ང་ཚོའི་རྒྱལ་ཁབ་དེ་སུ་ཞིག་གི་རྒྱལ་ཁབ་ཡིན་སོང་བ་རེད།

ལྔ་པ། ཝུ་ཧན་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་སོང་བ་དང་། རྒྱ་ནག་གཞུང་གིས་ཏོག་ནད་སྔོན་འགོག་གི་དུས་ཚོད་ནར་འགྱངས་བྱས་ཡོད་དམ། མི་དམངས་ལ་རིམས་ནད་བྱུང་ཚུལ་དོན་དངོས་སྦས་གསང་བྱས་ཡོད་དམ། ང་ཚོས་འཛམ་གླིང་མི་དམངས་ལ་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་གསལ་བཤད་དགོས་སམ། ཐེངས་འདིའི་རིམས་ནད་འགོས་ཁྱབ་སོང་བར་འགན་འཁྲི་གཙོ་བོ་སུ་ཞིག་གིས་འཁུར་དགོས་སམ།

དྲུག་པ། ཨ་་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།

བདུན་པ། ཧོང་ཀོང་དུ་ཟིང་ཆ་ལངས་ནས་ལོ་གཅིག་ཙམ་སོང་ཡོད་པ་དང་། ཧོང་ཀོང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྣམ་པ་ཡག་པོ་དེར་གཏོར་བཤིག་གཏོང་མཁན་སུ་ཡིན་ནམ། གཞུང་གི་མཐོ་རིམ་འགོ་ཁྲིད་གཙོ་བོ་ཚོས་གནད་དོན་དེའི་ཐད་ལ་ཁག་འགན་ཅི་ཞིག་འཁུར་དགོས་སམ།

བརྒྱད་པ། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་མེད་པར། ལུགས་དང་མི་མཐུན་པའི་མ་དངུལ་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་གནས་ལ་བསམ་བློ་མི་གཏོང་བར། རྒྱ་ནག་གཞུང་གི་འགོ་ཁྲིད་གཙོ་བོ་ཚོས་མི་སྒེར་གྱི་དགའ་ཕྱོགས་ཁོ་ནར་བརྟེན་ནས་དངུལ་ལོར་གང་སར་གཏོར་བཞིན་པའི་བྱ་སྤྱོད་དེ་ག་རེ་ཡིན་པ་དང་། ད་ཆ་ལས་གཞི་དེ་དག་ལ་ཕུ་ཤོར་བཞིན་ཡོད་པས་འགན་འཁྲི་དེ་སུས་འཁུར་དགོས་སམ།དགུ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆོག་མཆན་ཐོབ་པ་དང་ཆེད་མཁས་པ་ཚོས་བརྟག་དཔྱད་དང་ཁུངས་སྐྱེལ་གང་ཡང་མེད་པར། གཞུང་གི་འགོ་ཁྲིད་ཁག་ཅིག་གིས་འདོད་པ་ཁོ་ནར་བརྟེན་ནས་དངུལ་སྒོར་དུང་ཕྱུར་མང་པོ་བཏང་སྟེ། ཞུ་ཨན་(雄安)ས་ཁུལ་དུ་གསར་འཛུགས་ཀྱི་ལས་གཞི་བསྐྲུན་རྒྱུ་གཏན་འཁེལ་བྱས་ཡོད་པ་དང་། ད་ཆ་ལས་གཞི་དེ་ཡང་ལམ་ལྷོང་ཡོང་གི་མེད་སྟབས་བྱ་སྤྱོད་དེ་རིགས་དང་དངུལ་གྲངས་མང་པོའི་འགན་དེ་སུས་འཁུར་དགོས་སམ།

བཅུ་པ། ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་རིམ་བཞིན་ཐག་ཇེ་རིང་དུ་འགྲོ་དོན་ཅི་ཡིན་ནམ། གཞུང་གིས་གནད་དོན་དེའི་ཐད་ལ་འགན་ཅི་ཞིག་འཁུར་དགོས་སམ།

བཅུ་གཅིག ཕྱིའི་རྒྱལ་ཁབ་ཁག་གི་བཟོ་གྲྭ་དང་ཁེ་ལས་འབོར་ཆེན་རྒྱ་ནག་ནས་ཕྱིར་འཐེན་བྱས་པ་དང་། དམངས་གཉེར་ཁེ་ལས་འབོར་ཆེན་བརྡིབས་པ། བཟོ་ལས་པ་མང་པོའི་ལས་ཀ་ཤོར་བ་བཅས་ནི་གཞུང་གི་ནོར་འཁྲུལ་སྲིད་བྱུས་དང་འབྲེལ་བ་ཡོད་དམ། གལ་ཏེ་ཡོད་ན་འགན་འཁྲི་དེ་སུས་འཁུར་དགོས་སམ།

བཅུ་གཉིས། འགོ་ཁྲིད་ཀྱིས་རང་གི་ལག་ནང་གི་དབང་ཆར་བརྟེན་ནས་སྲིད་འཛིན་དུས་ཡུན་གྱི་རྩ་ཁྲིམས་ལམ་ལུགས་ལ་བཟོ་བཅོས་རྒྱག་པ་དང་། གལ་དེ་མི་སུ་ཞིག་ལ་གང་འདོད་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་ཆོག་པའི་དབང་ཆ་ཡོད་ན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་ཕན་ཐོགས་ཅི་ཞིག་ཡོད་དམ།

བཅུ་གསུམ།  སྲིད་གཞུང་གིས་སྔ་ས་ནས་འཛམ་གླིང་གིས་དོར་ཟིན་པའི་དཔལ་འབྱོར་ལམ་ལུགས་ཁག་ཅིག་བསྐྱར་དུ་གཏན་འབེབས་བྱས་ཡོད་པ་དང་། གནད་དོན་དེ་ནི་མི་སྒེར་གྱི་སྲིད་དབང་བརྟན་དུ་གཏོང་རྒྱུའི་ཆེད་དུ་ཡིན་ནམ། ཡང་ན་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་བ་ཡིན་ནམ།

བཅུ་བཞི། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་སྟེང་རྒྱ་ནག་སྣང་བརྙན་ཉམས་རྒུད་དང་། རྒྱལ་ཁབ་ཀྱི་ཡིད་ཆེས་མེད་པར་གྱུར་ཡོད་པ་དེའི་འགན་སུས་འཁུར་དགོས་སམ།

བཅུ་ལྔ། ཏང་ཡོན་རྒན་གྲས་ཚོས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་སྐོང་འཚོག་བྱ་རྒྱུའི་གྲོས་འགོ་འདོན་པར་བཀོག་འགག་ཆེད། དམག་མི་དང་ཉེན་རྟོག་པ་ཆེད་གཏོང་གིས་ཏང་སྲིད་དམག་གསུམ་གྱི་ལས་བྱེད་རྒན་གྲས་ཚོར་དམིགས་གསལ་སྲུང་སྐྱོང་བྱས་ཡོད་སྐོར་བརྗོད་ནས། སྤྱི་ཚོགས་དྲ་ལམ་ལ་དམ་དྲག་དང་། ཁོ་ཚོའི་འགུལ་སྐྱོད་དང་སྨྲ་བརྗོད་ལ་ཚོད་འཛིན། ཁོང་ཚོར་ལྟ་སྐྱོར་དང་འཚམ་འདྲིར་ཡོང་མི་བཅུག་སོགས་ཀྱི་བྱ་སྤྱོད་དེ་ག་འདྲ་ཡིན་ནམ། ཁོ་ལ་སུ་ཞིག་གིས་དབང་ཆ་དེ་འདྲ་སྤྲད་པ་ཡིན་ནམ།ཡོངས་ཁྱབ་ཞུ་ཡིག་དེའི་མཇུག་ཏུ། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༤ ཚེས་ ༣༠ ཉིན་རྒྱ་ནག་གྲོང་ཁྱེར་པེ་ཅིན་དུ་ཏུན་ཕུ་ཧྥང་གིས་བྲིས་ཞེས་བཀོད་ཡོད་པ་དང་། ད་ལྟའི་ཆར་ཞུ་ཡིག་དེ་དོན་དངོས་སུ་སུས་བྲིས་མིན་ཐད་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་ཀྱང་། ཡོངས་བསྒྲགས་ཞུ་ཡིག་དེ་དང་བསྟུན་རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་མང་པོས་ཏོག་དབྱིབས་རིམས་ནད་དང་ཞི་ཡི་ལས་དོན་འཐུས་ཤོར་རྐྱེན་གྱིས། རྒྱ་ནག་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་ནང་འཁྲུག་རྩོད་ཤུགས་ཆེ་རུ་འགྲོ་བཞིན་པའི་ཚོད་དཔག་བྱེད་བཞིན་པ་མ་ཟད། ཨ་རིའི་(Hayman Capital Management)བཟོ་ལས་ཁང་གི་འགན་འཛིན་སྐུ་ཞབས་ཀའེ་ལེ་བྷ་སི་(Kyle Bass)ཡིས། རྒྱ་ནག་གི་ནང་ཁུལ་གསང་བའི་ཡིག་ཆ་ལྟར་ན། ཏུན་ཞོ་ཕིན་ཁྱིམ་རྒྱུད་ཀྱིས་ཞི་ཅིན་ཕིན་སྲིད་དབང་ནས་གཡུག་ཐབས། ཕྱོགས་གཉིས་བར་ཆབ་སྲིད་ཀྱི་འགལ་བ་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

མཆན།  མ་རྩོམ་འབྲེལ་ཐག https://m.soundofhope.org/post/373888

བསྐྱར་བཅོས།: ༢༠༢༠/༠༥/༠༤

Leave a Reply

One thought on “ཏུན་ཞོ་ཕིན་གྱི་བུས་རྒྱ་ནག་གི་འཐུས་མི་ཚོར་ཕུལ་བའི་ཡོངས་ཁྱབ་དོགས་འདྲི་བཅོ་ལྔ།

  1. བློ་སྒྲུབ་ཆོས་ཉིད།

    རྒྱ་ནག་དམར་པོའི་སྲིད་གཞུང་སུས་མུ་མཐུད་ཀྱང་། ཇི་སྲིད་རྒྱ་ནག་གིས་ཆབ་སྲིད་མང་གཙོའི་གཞུང་དུ་མ་འགྱུར་བར་དུ་དུས་ནམ་ཡང་སྲིད་དབང་གེར་སྤྱོད་ཀྱི་རང་བཞིན་དུ་གནས་རྒྱུ་རེད། དེ་ནི་དམར་པོས་གཞུང་གིས་མཁས་སྤྱོད་གཙོ་དེ་རེད།