སོ་སོའི་ཁ་དང་ལག་པར་བདག་པོ་མ་བརྒྱབ་ན་ཁྲིམས་ཆད་ལོ་ ༨ ཡོད་ཟེར།

རྒྱ་ནག་གཞུང་གིས་ཟླ་འདིའི་ནང་ནས་བཟུང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀག་སྡོམ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་པ་མ་ཟད་༧རྒྱལ་བ་ཡབ་སྲས་གཉིས་ཀྱི་གནས་ཚུལ་དང་རྒྱལ་ཁབ་གཞན་གྱི་གནས་ཚུལ་སོགས་སྤེལ་ན་ལོ་བརྒྱད་བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག ཁ་སང་ཕྱི་ཚེས་ ༤ ཉིན་བོད་ནང་གི་ཡབ་ཚང་སྤེལ་སྨྱུག་སྤྱི་སྟེགས་ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་མི་གྲངས་ ༡༠ ཡན་གྱི་སྐད་འཕྲིན་གྱི་ཚོགས་པའི་ནང་དུས་ཚོད་ཉེར་བཞིའི་རིང་ལྟ་རྟོག་བྱེད་ཀྱི་ཡོད་པས། རང་ཉིད་ཀྱི་ཁ་དང་ལག་པར་བདག་པོ་རྒྱག་དགོས་པ་དང་། ཁྲིམས་འགལ་བྱས་ཚེ་ལོ་བརྒྱད་བར་བཙོན་འཇུག་བྱ་སྲིད་སྐོར་ཀྱི་ཉེན་བརྡ་བཏང་འདུག

སྤྱི་སྟེགས་དེའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་མི་གྲངས་ ༡༠ ཡན་གྱི་སྐད་འཕྲིན་གྱི་ཚོགས་པའི་ནང་རྒྱལ་ཁབ་རིམ་པས་དུས་ཚོད་ཉེར་བཞིའི་རིང་ལྟ་རྟོག་བྱེད་ཀྱི་ཡོད་པས། ཁ་ནས་མི་རིགས་མཐུན་སྒྲིལ་ལ་གནོད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མི་མཐུན་པ། སྡེ་བ་དང་སྡེ་བའི་བར་གྱི་གནད་དོན་སྐོར་དང་། རང་ཉིད་ཀྱི་ཤ་ཉེ་རིང་དང་གྲོགས་བར་གྱི་ས་རྩོད་ཚིག་རྩོད་བྱེད་བཞིན་པའི་གནས་ཚུལ་དགོས་མེད་རིགས་བཤད་ཚེ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་པས་དེ་ལྟར་བྱས་ཚེ་ལོ་བདུན་ནས་བརྒྱད་བར་ཁྲིམས་ཐག་གཅོད་ཀྱི་ཡོད་པས། ཚང་མས་མ་གོ་མ་ཐོས་པ་མེད་པར་ཡིད་གཟབ་བྱེད་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ལས་འགུལ་འདི་བསྐྱར་དུ་སྤེལ་དགོས་པའི་རྒྱུ་མཚན་ཅི་ཡིན་ཐད་འདི་ག་དུས་བབ་ཀྱི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དྲིས་པར་ཁོང་གིས། མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་སོགས་ཁ་པར་ཨང་གྲངས་དང་སྦྲེལ་ཡོད་པ་དང་། ཁ་པར་ཨང་གྲངས་དེ་ཉེན་རྟོག་མི་སྣ་དང་གསང་བའི་ལས་ཁུངས་སུ་ཡོད་པས་མི་ཞིག་ས་ཆ་གང་ནས་གང་དུ་ཕྱིན་པ་དང་ག་རེ་བྱས་པ་སོགས་ཚང་མ་སྐད་འཕྲིན་དང་ཁ་པར་བརྒྱུད་ཤེས་རྟོགས་ཐུབ་ཀྱི་ཡོད་སྟབས། སླར་ཡང་ལས་འགུལ་འདི་སྒྲུབ་ཀྱི་ཡོད་པ་དང་། རྒྱུ་མཚན་གཉིས་པ་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་པར་རྒྱུ་རྐྱེན་ཁ་གཡར་ས་ཞིག་ཏན་ཏན་དགོས་པས་ཐོག་མ་ནས་དེ་ལྟར་བསྒྲགས་ཏེ། སྲིད་གཞུང་དང་ལྟ་ཚུལ་མ་མཐུན་པ་སོགས་འབྱུང་སྐབས་འཛིན་བཟུང་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་ཙམ་ལའང་རྒྱ་ནག་ཆ་འཕྲིན་ལས་སྒྲུབ་ཁང་གི་བཀའ་བཀོད་འོག་དྲ་རྒྱ་དོ་དམ་དང་ཞིབ་བཤེར་ལས་ཁུངས་སོ་སོས་སྐད་འཕྲིན་དང་ཝེ་པོ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་ཞིབ་བཤེར་བྱས་ཏེ། སྐད་འཕྲིན་ཚོགས་པ་སོ་སོས་རང་རང་གི་ཚོགས་པའི་ནང་གི་གནས་ཚུལ་གཙང་བཟོ་བྱེད་རྒྱུར་གྲ་སྒྲིག་དགོས་པ་དང་། གནས་ཚུལ་འདྲ་མིན་བརྒྱུད་སྐུལ་བྱེད་བཞིན་ཡོད་པར་སྟངས་འཛིན་བྱེད་ཆེད། མི་གྲངས་ ༡༠ ལས་བརྒལ་བའི་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ གཏན་འབེབ་བྱས་ཡོད་པ་དང་། གལ་སྲིད་མི་སུ་ཞིག་གིས་སྒྲིག་འགལ་བྱས་ཚེ་ཆེས་ཉུང་མཐར་ལོ་ ༡ ནས་ལོ་ ༨ བར་བཙོན་འཇུག་བྱ་རྒྱུ་ཡིན་པ་བསྒྲགས་ཏེ། ངན་པ་ཚར་གཅོད་ཀྱི་ལས་འགུལ་ཟེར་བ་ཞིག་མགོ་བཙུགས་ཡོད་པ་རེད།

འདི་ལོའི་དེ་མཚུངས་ཀྱི་གནས་ཚུལ་དེའི་ནང་། རྒྱལ་ཁབ་ཀྱི་གསང་བའི་རིགས་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་མཁོ་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་གནས་ཚུལ་སྤེལ་བ། དེ་བཞིན་བོད་ཀྱི་ཉི་ཟླ་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་དང་འབྲེལ་བའི་གནས་ཚུལ་སྐོར་གཅིག་ཀྱང་བཤད་མི་ཆོག་པ་མ་ཟད། ཚོགས་པ་སོ་སོའི་ཐོག་མའི་དམིགས་ཡུལ་ལྟར་སྐད་ཆ་བཤད་པ་ལས། དེ་མིན་འབྲེལ་མེད་ཀྱི་གནས་ཚུལ་བཤད་པ་དང་། ཕན་ཚུན་བར་འཁོན་རེས་བྱེད་པ་དང་ཟུར་ཟ་བྱེད་པ། ཚོགས་པའི་ནང་རྙོག་དྲ་བཟོ་བ་སོགས་ཀྱང་རྒྱལ་ཁྲིམས་དང་འགལ་ཡོད་པས་རང་ཉིད་ཀྱི་ཁ་དང་ལག་པ་ལ་བདག་པོ་རྒྱག་པ། སྐད་འཕྲིན་ཚོགས་པ་གང་བྱུང་ནང་འཛུལ་མི་ཆོག་དང་དཔེར་ན་ཚོང་ར་སྤེལ་བའི་ཚོགས་པ་ཞིག་གི་ནང་ཚོང་དང་འབྲེལ་བའི་སྐད་ཆ་དང་གནས་ཚུལ་སྤེལ་དགོས་པ་ལས་འབྲེལ་མེད་སྤེལ་ཚེ་ཁྲིམས་འགལ་ཡིན་ཚུལ་སྤེལ་ཡོད་འདུག

ཡང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབས་གསལ་བསྒྲགས་ནང་། མི་སྒེར་སོ་སོ་དང་ཁྱིམ་ཚང་སོ་སོའི་ལས་དོན། དེ་བཞིན་ཉིན་རེའི་འཚོ་བར་འབྲེལ་ཏེ་མི་སྒེར་ཀྱི་ལས་དོན་ལ་རྒྱལ་ཁབ་ཀྱིས་སྟངས་འཛིན་དང་བཀག་འགོག་བྱས་མི་ཆོག་པ་གསལ་པོ་བཀོད་ཡོད་པས། དེ་ནི་རྒྱལ་སྤྱིའི་སྒེར་དབང་ཐོབ་ཐང་ལ་འགལ་ཡོད་པ་དང་། སྤྱི་ཚོགས་དྲ་རྒྱའི་ནང་ཐོན་ཟིན་པའི་གནས་ཚུལ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཞིག་མེད་པ་རེད། རྒྱལ་ཁྲིམས་ཟེར་བའི་མིང་ཐོག་ནས་འདི་ལྟར་བསྒྲགས་ཚེ་ཁྲིམས་འགལ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༠༥

Leave a Reply