བདེ་ཆེན་རྫོང་དུ་གངས་བརྡིབས་ནས་མི་ལ་རྨས་སྐྱོན་ཕོག

ཡུན་ནན་བདེ་ཆེན་རྫོང་ཁོངས་སུ་གངས་རྡིབ་བྱུང་སྟེ་ཡུལ་སྐོར་བ་ ༧ ལ་རྨས་སྐྱོན་ཕོག་ཡོད་པའི་ནང་ནས་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུགདེ་རིང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན།  བོད་ཀྱི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བདེ་ཆེན་རྫོང་ཁ་བ་དཀར་པོའི་ལྷོ་ངོས་སུ་གངས་རྡིབ་བྱུང་སྟེ། ཡུལ་སྐོར་བ་བདུན་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

གཞུང་འབྲེལ་གནས་ཚུལ་དེའི་ནང་། བདེ་ཆེན་རྫོང་ཉེན་རྟོག་མངགས་གཏོང་ཁང་ལ་གངས་རྡིབ་ཀྱི་ཉེན་བརྡ་འབྱོར་རྗེས། སྨན་བཅོས་དང་མེ་ཟོན་སྡེ་ཁག་སོགས་དང་མཉམ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད་ནའང་། འགྲོ་ལམ་དོག་པོ་ཡོད་པའི་ཐོག་ལ་ས་ལམ་ཡིན་པ་དང་། ལམ་བར་དུ་ད་དུང་རྒྱུན་མི་ཆད་པའི་ཡུལ་སྐོར་བ་ཡོད་པས། ཉེན་རྟོག་པ་རྨས་མའི་སར་མགྱོགས་པོར་སླེབས་ཐུབ་མེད་སྐོར་བཤད་འདུག

ཉེན་རྟོག་པས་ཡང་དང་ཡང་དུ་ཉེན་བརྡ་གཏོང་མཁན་དང་འབྲེལ་གཏུག་བྱས་པ་བརྒྱུད་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༡༠ ཡས་མས་སུ། ཉེན་རྟོག་པ་གཞི་ནས་རྨས་མ་ཡོད་སར་འབྱོར་ཡོད་པ་དང་། རྨས་སྐྱོན་ཅུང་ལྕི་བའི་རྨས་མ་གཅིག་འཁུར་ཁྲིའི་ཐོག་བཞག་ནས་རི་ཁུལ་ནས་གླེགས་བམ་གྲོང་ཚོར་བསྐྱལ་ཡོད་སྐོར་དང་། ལམ་བར་དུ་གྲོང་མིས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་རྨས་མ་རི་འདབས་སུ་དབོར་རོགས་བྱས་ཏེ། ད་ལྟ་རྨས་མ་རྣམས་ཉི་ཟླ་གྲོང་ཁྱེར་དུ་ཡོད་པའི་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་ཡོད་པ་དང་། ཚང་མའི་གནས་སྟངས་ཡག་པོ་ཡོད་སྐོར་བསྒྲགས།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༠༥

Leave a Reply