ཏོག་དབྱིབས་རིམས་ནད་ལ་སྨན་ཡོད་མི་སྲིད་པའི་ཉེན་བརྡ་བཏང་།

ད་བར་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་བཅོས་ཐབས་ཀྱི་སྨན་བཟོ་མཁན་གཞུང་དང་ཞིབ་འཇུག་ལྟེ་གནས་ཁང་། སྨན་ཁང་དང་འཕྲོད་བསྟེན་ཆེད་ལས་པ་སོགས་ཁྱོན་ ༡༠༢ བྱུང་ཡོད་ཀྱང་གཉན་ནད་རེག་དུག་ལྟར་ཏོག་དབྱིབས་རིམས་ནད་ལ་སྨན་བཟོ་ཐུབ་རྒྱུ་མིན་སྐོར་སྙན་ཐོ་བཏོན།ཁ་སང་ཕྱི་ཚེས་ ༤ ཉིན་སི་ཨན་ཨན་གསར་ཁང་གིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་ལྟར་ན། ད་ལྟ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། འདི་ལོའི་ལོ་མཇུག་ཏུ་ཨ་རིས་ཏོག་དབྱིབས་རིམས་ནད་བཅོས་ཐབས་ཀྱི་སྨན་ཞིག་ལེགས་འགྲུབ་འབྱུང་རྒྱུ་ཡིན་སྐོར་གསུང་བཞིན་ཡོད་ཀྱང་། འཛམ་གླིང་གི་ཆེད་མཁས་པ་ཚོས་ཏོག་དབྱིས་ནད་དུག་འདིའང་གཉན་ནད་རེག་དུག་ནང་བཞིན་སྨན་མེད་པའི་ན་ཚ་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག

སི་ཨན་ཨན་གྱི་སྙན་ཐོ་དེའི་ནང་། ཏོག་དབྱིབས་རིམས་ནད་གི་གནས་བབ་ནི་སྨན་མེད་པའི་ཧ་ཅང་ཛ་དྲག་གི་གནས་བབ་ཅིག་ཏུ་འགྱུར་སྲིད་པ་རེད། འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་གི་སྨན་བཟོ་བའི་ལས་འཆར་མང་པོ་ཞིག་སྒྲིག་ཡོང་སྐབས་མི་མང་གི་རེ་བ་འཕེལ་བཞིན་ཡོད་པ་དང་། སྨན་བཟོའི་ལས་གཞི་གང་མང་ཞིག་མཐའ་མའི་མཇུག་འབྲས་མ་འཐོན་སྔོན་ལ་ནུས་མེད་དུ་གྱུར་སྐབས་མི་མང་གི་རེ་བ་རང་བཞིན་གྱིས་བརླག་འགྲོ་ཡི་ཡོད། ཅེས་བརྗོད་ཡོད་པ་དང་། ད་སྔ་བར་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་གི་སྨན་བཟོ་ལས་གཞིར་ཞུགས་མཁན་གཞུང་དང་ཞིབ་འཇུག་ལྟེ་གནས་ཁང་། སྨན་ཁང་དང་འཕྲོད་བསྟེན་ཆེད་ལས་པ་སོགས་ཁྱོན་ ༡༠༢ བྱུང་ཡོད་པ་དང་། སྨན་པ་དང་ཆེད་མཁས་པ་སོགས་ཁྱོན་མི་གྲངས་ ༡༣༡ གིས་ འཕྲོད་བསྟེན་ལྷན་ཚོགས་ལ་མཉམ་འབྲེལ་གྱིས་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་གི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཡང་སི་ཨན་ཨན་གྱི་ཞིབ་འཇུག་སྙན་ཐོའི་ནང་། ད་སྔ་བར་འདས་པའི་ལོ་ངོ་ ༤༠ ཙམ་གྱི་རིང་འཛམ་གླིང་ནང་གཉན་ནད་རེག་དུག་གཙོས་པའི་བཅོས་ཐབས་བྲལ་བའི་ནད་གཞི་ཁག་ཅིག་གི་གནས་སྟངས་གསལ་འདོན་གྱིས། ད་ལྟ་ཏོག་དབྱིབས་རིམས་ནད་གི་སྨན་བཟོའི་ལས་གཞིར་གྲུབ་འབྲས་ཡག་པོ་ཐོན་གྱི་མེད་པ་གཞིར་བཞག་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་ཧོན་སི་ཊོན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བྷེ་ལོར་(Baylor College of Medicine)སྨན་གྱི་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་པེ་ཊར་(Peter Hotez)ལགས་ཀྱིས། ང་ཚོས་ཏོག་དབྱིབས་རིམས་ནད་གི་སྨན་ལོ་ ༢ མ་ཟིན་ཙམ་གྱི་ནང་བཟོ་ཐུབ་ཀྱི་ཡོད་ཅེས་རྩ་བ་ཉིད་ནས་བཤད་མེད། ཅེས། ཉེ་སྔོན་ཨ་རིའི་རྒྱལ་ཡོངས་འགོས་ནད་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སྨན་པ་ཨན་ཐོ་ནེ་(Anthony Fauci)ལགས་ནས་ཨ་རིས་ཏོག་དབྱིབས་སྨན་མགྱོགས་མྱུར་བཟོ་ཐུབ་ཀྱི་ཡོད་སྐོར་བརྗོད་པར་དགག་ལན་སྤྲད་པ་མ་ཟད། ཏོག་དབྱིབས་རིམས་ནད་མ་འོངས་པར་ང་ཚོ་ལྷན་དུ་གནས་སྲིད་སྐོར་ཀྱི་ཉེན་བརྡ་བཏང་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟར་ན། ད་ལྟ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཐོ་འགོད་བྱས་པའི་ཏོག་དབྱིབས་རིམས་ནད་གི་སྨན་བཟོའི་ལས་གཞི་ ༡༠༢ ཀྱི་ཁྲོད། ལས་གཞི་ ༨ མིའི་ཐོག་ཚོད་ལྟ་བྱེད་པའི་རིམ་པར་བསླེབ་ཡོད་པ་དང་། ད་རེས་ཏོག་དབྱིབས་རིམས་ནད་ལ་སྨན་བཟོ་མཁན་གྱི་གྲས་སུ། འཛམ་གླིང་ནང་གྲགས་ཆེ་བའི་ཚན་རྩལ་ཞིབ་འཇུག་ལྟེ་གནས་ཁང་མང་པོ་ཡོད་པའི་ཁྲོད། དབྱིན་ཡུལ་གྱི་ཨོ་ཁུ་སི་ཌི་དང་ལིན་ཊོན་བཙན་རྒྱལ་མཐོ་སློབ། པེ་ཅིན་སྐྱེ་དངོས་འཕྲུལ་རིག་ཚན་རྩལ་ཁང་(Beijing Institute of Biotechnology)་དང་། ཝོ་ཧན་སྐྱེ་ཁམས་ཐོན་རྫས་ཁང་(Wuhan Institute of Biological Products)། དེ་བཞིན། ཉི་ཧོང་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་ནག་ནང་ཚད་ལྡན་གྱི་ངོས་འཛིན་ཡོད་པའི་ཧྥོ་ཌན་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་རྒྱལ་ཁབ་མང་པོའི་ཚད་མཐོའི་ཞིབ་འཇུག་ཁང་མང་པོ་ཡོད་པ་དང་། རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་མང་པོ་ཞིག་གིས་ཞིབ་འཇུག་ལ་གྲུབ་འབྲས་མ་ཐོན་པར་ནུས་མེད་དུ་ཕྱིན་ཡོད་འདུག

ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་གི་རྐྱེན་པས། ཁྱོན་མི་གྲངས་ ༢༤༡༥༥༩ རྐྱེན་འདས་དང་། མི་གྲངས་ས་ཡ་ ༣ དང་ཕྱེད་ཀ་མ་ཟིན་ཙམ་ནད་དུག་འགོས་ཡོད་འདུག་ལ། ཏོག་དབྱིབས་རིམས་ནད་འཛམ་གླིང་རྒྱལ་ཁབ་དང་རང་སྐྱོང་། གླིང་ཕྲན་སོགས་ཁྱོན་ ༢༡༥ ནང་འགོས་ཁྱབ་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༠༥

Leave a Reply