རྒྱ་ནག་གིས་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་ཡོད་པའི་སྙན་ཐོ་བཏོན།

རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱེད་མཁན་སྔར་ལས་མང་དུ་འགྲོ་བཞིན་ཡོད་པ་དེའི་ཤུགས་རྐྱེན་སོགས་ཀྱི་སྐོར་ནས་སྙན་ཐོ་ཞིག་བཏོན་འདུག་ཟེར།ཁ་སང་ཕྱི་ཚེས ༥ ཉིན། རོ་ཊིར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པར་ཁ་རྡུང་དང་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བར་རྒྱལ་སྤྱིའི་འབྲེལ་ལམ་ཐོག་སློབ་སྟོན་གནང་མཁན་གཙོ་གྲས། རྒྱ་ནག་ཕྱི་སྲིད་ཉམས་ཞིབ་ཁང་(CICIR)ཟེར་བས་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ཁ་རྡུང་ཤུགས་ཆེན་ཡོང་བཞིན་པ་དང་། ཨ་རིའི་སྣེ་ཁྲིད་འོག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་བཟོ་བཞིན་པ་སོགས་འཁོད་པའི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གཙོའི་པེ་ཅིན་གྲོང་ཁྱེར་གྱི་མཐོ་རིམ་དཔོན་རིགས་ཚོར་སྤྲད་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་སྙན་ཐོ་དེ་ཕྱི་ཟླ་ ༤ པའི་ནང་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གི་གསང་བའི་ཡིག་ཆའི་ངོ་བོའི་འོག་ཉར་ཡོད་པས་རག་ཐབས་མེད་ན་ཡང་། སྙན་ཐོ་དེ་དང་འབྲེལ་ཡོད་ཅིག་གིས་རོ་ཊིར་གསར་ཁང་ལ་སྙན་ཐོ་དེའི་ནང་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་སློབ་ཕྲུག་དམར་གསོད་ནས་བཟུང་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་། དེ་ལྟ་བུའི་ཁ་རྡུང་དང་རྒྱ་ནག་ལ་མི་དགའ་བའི་གནས་ཚུལ་བྱུང་མེད་པ་དང་། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཨ་རིའི་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚགས་པའི་སྲིད་དབང་ལ་ཉེན་ཁ་ཡོང་གི་ཡོད་པས། རྒྱ་ནག་གཞུང་གིས་སྔ་ས་ནས་གནད་དོན་དེའི་ཐད་གྲ་སྒྲིག་དགོས་སྐོར་སོགས་བྲིས་ཡོད་སྐོར་བརྗོད་འདུག

ཡང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་སྙན་ཐོའི་ནང་གཙོ་བོ་ཨ་རིའི་ངོས་ནས་རྒྱ་ནག་གི་འཕེལ་རྒྱས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་དང་བདེ་སྲུང་ལ་ཉེན་ཁ་ཡོད་པའི་ལྟ་ཚུལ་དང་། རྒྱ་ནག་མུ་མཐུད་སྟོབས་ཤུགས་ཆེན་པོ་ཆགས་པ་ཡིན་ན་ནུབ་ཕྱོགས་ཀྱི་དམངས་གཙོར་ཉེན་ཁ་ཡོད་པ་སོགས་རྒྱལ་སྤྱིའི་སྟེང་གླེང་གཞི་ཆེན་པོ་ཡོད་པའི་རིགས་དང་། དེ་བཞིན་ཨ་རིའི་དམིགས་ཡུལ་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་འཛིན་མཁན་ཚོ་ཡིན་པ་སོགས་བྲིས་ནས་སྙན་ཐོ་མཇུག་བསྡུས་ཡོད་སྐོར་བརྗོད་ཡོད་པ་དང་། རོ་ཊིར་གསར་ཁང་གིས་སྙན་ཐོ་དེའི་སྐོར་ལ་རྒྱ་ནག་དམར་ཤོག་ཚོགས་པའི་བདེ་སྲུང་བློན་ཆེན་དང་། སྙན་ཐོ་འདོན་མཁན་ཞིབ་འཇུག་ཁང་གཉིས་ལ་སྐད་ཆ་དྲིས་པར། བདེ་སྲུང་བློན་ཆེན་གྱིས་དེ་ལྟ་བུའི་ཡིག་ཆ་ཞིག་མེད་སྐོར་བརྗོད་ནས་ལན་འདེབས་བྱས་མེད་འདུགཕྱི་ལོ་ ༢༠༡༨ ནས་བཟུང་ཨ་རྒྱ་གཉིས་ཀྱི་ཚོང་དམག་མགོ་བཙུགས་པ་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་གིས་ཨ་རིའི་བསམ་བློའི་ཐོན་དངོས་རྐུ་འཁྱེར་བྱས་པ་སོགས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེན་ཉམས་པ་མ་ཟད། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏོག་ནད་སྐོར་ནས་ཕྱི་གསལ་ནང་གསལ་མ་བྱས་པ་དང་། ཨ་རི་གཙོའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཏོག་ནད་ཀྱི་འབྱུང་ཁུངས་དངོས་ལ་བརྟག་དཔྱད་བྱེད་མ་བཅུག་པ་སོགས། ཨ་རྒྱ་གཉིས་གཙོའི་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་གནོན་ཤུགས་དང་སྐྱོན་བརྗོད་ཤུགས་ཆེར་ཡོང་བཞིན་པ་མ་ཟད། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཏོག་དབྱིབས་རིམས་ནད་འབྱུང་ཁུངས་ཐད་ལ་བརྟག་དཔྱད་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་ལ། ཏོག་ནད་དེ་ཝུ་ཧན་ནད་འབུ་ཚོད་ལྟ་ཁང་ནས་ཡོང་བའི་བདེན་དཔང་མང་པོ་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་སྙན་ཐོ་དེ་དང་འབྲེལ། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཕྱི་ནང་གཉིས་ནས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་སྟབས། གལ་ཏེ་སྙན་ཐོ་དེའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་སྲིད་དབང་ལ་ཉེན་ཁ་ཡོད་པའི་ཉེན་བརྡ་དང་གྲ་སྒྲིག་དགོས་པའི་བརྡ་བཏང་ཡོད་ན། གནད་དོན་དེས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་སྐྱེད་རིང་ལུགས་དང་དཔལ་འབྱོར་བསླུ་བྲིད། རྒྱ་ནག་མི་མང་གི་གཞི་རྩའི་རང་དབང་ཁག་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་པ་སོགས་དང་། ཁྱོན་ཡོངས་ནས་རྒྱ་ནག་གི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཐེངས་འདིར་སྙན་ཐོ་འདོན་མཁན་གྱི་རྒྱ་ནག་ཕྱི་སྲིད་ཉམས་ཞིབ་ཁང་ཟེར་བ་དེ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོར་རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་དོན་ཐད་བསམ་བློའི་སློབ་སྟོན་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་དང་། ཉམས་ཞིབ་ཁང་དེས་དེ་སྔ་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་མཆོག་གིས་ངོས་རང་རྒྱ་ནག་རི་བོའི་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུའི་བསམ་བློ་ཡོད་ཅེས་གསུངས་པར། སྐབས་དེའི་ཉམས་ཞིབ་ཁང་དེའི་མགོ་འཛིན་ཧུའུ་ཧྲི་ཧྲེན་(Hu Shisheng)ཟེར་བས། ཏཱ་ལའི་བླ་མ་རི་བོའི་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུ་ནི་ལོ་རྒྱུས་ལྡན་པའི་གནས་ཚུལ་དང་གསར་གཏོད་རང་བཞིན་གྱི་ཕྱག་ལས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༠༦

Leave a Reply

One thought on “རྒྱ་ནག་གིས་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་ཡོད་པའི་སྙན་ཐོ་བཏོན།

  1. འདམ་སྐྱེས།

    བོད་ཀྱི་དུས་བབ་གསར་འགོད་པ་རྣམས་པས་དུས་ཐོག་གལ་ཆེའི་གནས་ཚུལ་ཁག་མང་ལ་ཐུགས་སྣང་དང་བཅས་མང་ཚོགས་ལ་སྤེལ་དང་སྤེལ་བཞིན་པར
    ་ལེགས་བརྗོད་དང་ཐུགས་རྗེ་ཆེ་ཞུ།།