ཧྥི་ལི་པིན་གྱི་གསར་ཁང་ཆེ་ཤོས་ཤིག་སྒོ་བརྒྱབ་ཏུ་བཅུག

ཧྥི་ལི་པིན་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་མཁན་ཡུལ་དེའི་གསར་ཁང་གྲགས་ཅན་ཨེ་བྷི་ཨེས་སི་བྷི་ཨེན་བརྙན་འཕྲིན་ཁང་སྒོ་བརྒྱབ་དགོས་པའི་བཙན་བཀའ་བཏང་བ་ལྟར་དྭང་ལེན་བྱས་ཡོད་འདུགཁ་སང་ཧྥི་ལི་པིན་གྱི་སྲིད་འཛིན་ཌུས་ཊིར་(Rodrigo Duterte) གྱིས་སྣེ་ཁྲིད་པའི་ཡུལ་དེའི་སྲིད་གཞུང་གིས། དེ་སྔ་སྲིད་འཛིན་ཌུས་ཊིར་གྱི་སྲིད་བྱུས་ལ་སྐྱོན་བརྗོད་རང་བཞིན་གྱི་གནས་ཚུལ་སྤེལ་མྱོང་བའི་ཡུལ་དེའི་གསར་ཁང་རྙིང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཨེ་བྷི་ཨེས་སི་བྷི་ཨེན་ (ABS-CBN) བརྙན་འཕྲིན་ཁང་འཕྲལ་དུ་སྒོ་བརྒྱབ་དགོས་པའི་བཀའ་བཏང་ཡོད་པ་དང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཁག་གིས་དེ་ནི་ཌུས་ཊིར་སྲིད་གཞུང་གིས་མངོན་གསལ་དོད་པོས་ཡུལ་དེའི་གསར་འགོད་རང་དབང་ལ་དྲག་གནོན་བྱས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

ཁ་སང་ཨེ་བྷི་ཨེས་སི་བྷི་ཨེན་བརྙན་འཕྲིན་ཁང་གིས་ཧྥི་ལི་པིན་གཞུང་གི་བཀའ་ཁྱབ་དེ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཧྥི་ལི་པིན་གཞུང་གི་རྒྱལ་ཡོངས་འབྲེལ་མཐུད་ལས་ཁུངས་ཀྱི་བཀའ་ཁྱབ་ལྟར་དྭང་ལེན་བྱ་རྒྱུ་ཡིན་སྐོར་དང་། ཏོག་དབྱིབས་ནད་ཡམས་སྐབས་མང་ཚོགས་ལ་གནད་འགག་ཆེ་བའི་དུས་ཐོག་གནས་ཚུལ་མཁོ་བའི་སྐབས་འདིར། ཧྥི་ལི་པིན་གྱི་མི་སེར་ས་ཡ་མང་པོར་གནས་ཚུལ་རག་ཐབས་མེད་སྐོར་དང་། དེ་ནི་གསར་ཁང་དེ་ཙམ་མ་ཡིན་པར། མང་ཚོགས་ས་ཡ་མང་པོར་བློ་ཕམ་སྐྱེ་གཞིའི་གནད་དོན་ཞིག་ཡིན་པ་མ་ཟད། བརྙན་འཕྲིན་ཁང་གི་ངོས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་པས། མང་ཚོགས་ནས་བརྙན་འཕྲིན་ཁང་ལ་རོགས་འདེགས་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

ཧྥི་ལི་པིན་གཞུང་གི་རྒྱལ་ཡོངས་འབྲེལ་མཐུད་ལས་ཁུངས་ཀྱི་བཀའ་ཁྱབ་ནང་། ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་གི་ལོ་ ༢༥ ཡི་ཞབས་ཞུ་སྒྲུབ་རྒྱུའི་དུས་ཡུན་ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྫོགས་པར་བརྟེན། འཕྲལ་དུ་གསར་ཁང་དེའི་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་ལས་དོན་ཁག་མཚམས་འཇོག་དགོས་སྐོར་བཀའ་བཏང་ཡོད་པ་རེད། སྤྱིར་ཧྥི་ལི་པིན་གྱི་ཁྲིམས་སྒྲིག་གཞིར་བཟུང་གསར་ཁང་གང་འདྲ་ཞིག་ཡིན་ནའང་། གྲོས་ཚོགས་ཀྱི་ཆོག་མཆན་ཐོག་ནས་ཞབས་ཞུ་མགོ་འཛུགས་མཚམས་འཇོག་བྱེད་དགོས་པ་ལྟར། ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་ནས་ཡུལ་དེའི་གྲོས་ཚོགས་ལ་ཞབས་ཞུའི་དུས་ཡུན་ཕར་འགྱངས་བྱ་རྒྱུའི་སྙན་ཞུ་ཕུལ་ཡོད་ཀྱང་། ཏོག་དབྱིབས་ནད་ཡམས་འདིའི་རྐྱེན་པས་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་འགྲོ་ཐུབ་མེད་པ་མ་ཟད། ཕྱོགས་གཞན་ནས་ད་ལྟའི་ཧྥི་ལི་པིན་གྱི་གྲོས་ཚོགས་དེ་སྲིད་འཛིན་ཌུས་ཊིར་གྱི་ཤུགས་རྐྱེན་སྟངས་འཛིན་འོག་ཡོད་པའི་རྐྱེན་གྱིས་ཕར་འགྱངས་ཞུ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད།ད་ཐེངས་ཌུས་ཊིར་སྲིད་གཞུང་གིས་ཧྥི་ལི་པིན་གྱི་གསར་ཁང་ཆེ་ཤོས་ཤིག་སྒོ་བརྒྱབ་ཏུ་བཅུག་པ་དེར། ཁུལ་དེའི་རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་འགན་འཛིན་བྷུ་ཅི་ཨོ་ལཱ་ནོ་ (Butch Olano) ཡིས། དེ་ནི་སྲིད་གཞུང་གིས་གསར་འགོད་རང་དབང་ལ་རྒོལ་རྡུང་བཏང་བ་ཞིག་ཡིན་པ་དང་། ཧྥི་ལི་པིན་གྱི་མི་སེར་རྣམས་ལ་རང་དབང་ལྡན་པའི་ཁུངས་བདེན་གནས་ཚུལ་དགོས་གལ་ཆེ་སྐོར་དང་། ཧྥི་ལི་པིན་གཞུང་གིས་འཕྲལ་དུ་ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་གི་ཞབས་ཞུ་མུ་མཐུད་གནས་རྒྱུ་དང་། གསར་འགོད་རང་དབང་ལ་ཚོད་འཛིན་བྱེད་པའི་གནད་དོན་རིགས་གཙང་སེལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

དེ་བཞིན་ཡུལ་དེའི་ཁ་གཏད་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རི་ས་ཧོན་ཏི་ཝེ་རོ་སི་ (Risa Hontiveros) ཡིས། གཞུང་གི་བཀའ་རྒྱ་དེ་ནི་སྤྱི་དམངས་ཀྱི་བདེ་དོན་ལ་འགལ་ཟླར་གནས་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག ཡང་གྲོས་ཚོགས་འཐུས་མི་གཞན་ཞིག་གིསརྩ་ཁྲིམས་གཞིེར་བཟུང་གསར་ཁང་ཞིག་མགོ་འཛུགས་མཚམས་འཇོག་བྱེད་དུ་འཇུག་མིན་གྱི་དབང་ཆ་དེ་གྲོས་ཚོགས་ཁོ་ནར་ཡོད་སྟབས། ད་ཐེངས་ཀྱི་ཐག་གཅོད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད། རྒྱལ་ཡོངས་འབྲེལ་མཐུད་ལས་ཁུངས་ལ་དེའི་སྐོར་འདྲི་ཞིབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཌུས་ཊིར་ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་དུ་གྱུར་བ་ནས་བཟུང་ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་གཙོས་པའི་གསར་འགོད་ལས་དོན་གཉེར་མཁན་དག་ལ་མངོན་གསལ་དོད་པོས་འཐབ་རྒོལ་བྱས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༦ ལོར་ཌུས་ཊིར་གྱིས་ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་གིས་ཁོ་པའི་འོས་བསྡུའི་དྲིལ་བསྒྲགས་གནས་ཚུལ་འགོད་སྤེལ་བྱ་རྒྱུ་དང་ལེན་བྱས་མེད་སྐོར་དང་། ཡང་སྐབས་མང་པོར་གསར་ཁང་དེའི་ཞབས་ཞུའི་དུས་ཡུན་ཕར་འགྱངས་བྱ་རྒྱུ་མིན་སྐོར་དང་། གསར་ཁང་དེའི་སྦྱིན་བདག་ཚོས་གསར་ཁང་དེ་གཞན་ལ་ཚོང་བསྒྱུར་བྱེད་དགོས་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག དེ་བས་གནད་ཆེ་བ་ནི། ཨེ་བྷི་ཨེས་སི་བྷི་ཨེན་གསར་ཁང་གིས་སྲིད་འཛིན་ཌུས་ཊིར་གྱིས་ཕྱི་ལོ་ ༢༠༡༦ ལོར་མགོ་བརྩམས་པའི་མྱོས་རྫས་ཚོང་མཁན་དང་སྤྱོད་མཁན་རིགས་ལ་རྒོལ་རྡུང་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ལོ་གསུམ་རིང་གི་རྒྱལ་ཡོངས་ལས་འགུལ་ཁྲོད། མི་གྲངས་སྟོང་ཕྲག་འགའ་ཤས་དམར་གསོད་བཏང་ཡོད་པའི་གནས་ཚུལ་སྔོག་འདོན་འགོད་སྤེལ་བྱས་པ་དེས་ཌུས་ཊིར་སྲིད་གཞུང་ལ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད།

དེ་སྔ་ཡིན་ནའང་སྲིད་འཛིན་ཌུས་ཊིར་གྱིས་ཧྥི་ལི་པིན་གྱི་ཉིན་རེའི་གསར་ཤོག་(Philippine Daily Inquirer) ཅེས་པས་གཞུང་ལ་སྐྱོན་བརྗོད་རང་བཞིན་གྱི་གནས་ཚུལ་སྤེལ་བར་འཐབ་རྒོལ་བྱས་ཡོད་ཅིང་། དེ་བཞིན་རེ་པི་ལར་(Rappler) ཞེས་པའི་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཞིག་ལའང་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་སྐོར་གྱི་ཉེས་མིང་བཙུགས་ཏེ་གསར་ཁང་དེ་སྒོ་རྒྱག་ཐབས་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༠༦

Leave a Reply