ཧོང་ཀོང་གི་ནད་འབུ་ཡོངས་རྫོགས་གཙང་མ་བཟོ་རྒྱུ་ཡིན་ཟེར།

རྒྱ་ནག་གི་ཧོང་ཀོང་དང་ཨོ་མིན་འབྲེལ་མཐུད་ལས་ཁུངས་ཀྱིས་ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་བ་རྣམས་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགྲ་བོ་ཆེན་པོ་ཞིག་ཡིན་པས་དེ་ཚོ་གཙང་མ་མ་ཆགས་བར་དུ་ལྷིང་འཇགས་ཡོང་རྒྱུ་མིན་ཚུལ་བཤད།དེ་རིང་ཕྱི་ཚེས་ ༦ ཉིན་རྒྱ་ནག་གི་ཧོང༌ཀོང༌དང་ཨོ༌མན༌འབྲེལ་མཐུད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རས་ནག་པོ་གཡོགས་པའི་དྲག་པོའི་ངོ་རྒོལ་བ་ཡོངས་རྫོགས་རྩ་མེད་མ་བཟོས་བར་ཧོང་ཀོང་ནམ་ཡང་ལྷིང་འཇགས་མི་ཡོང་བ་དང་། ཧོང་ཀོང་གི་ངོ་རྒོལ་བ་དག་ནི་པེ་ཅིན་ནས་རང་བཙན་བྱེད་འདོད་མཁན་གྱི་ཆབ་སྲིད་ཀྱི་ནད་འབུ་དག་ཡིན་སྐོར་བརྗོད་འདུག

རྒྱ་ནག་གི་ཧོང༌ཀོང༌དང་ཨོ༌མན༌འབྲེལ་མཐུད་ལས་ཁུངས་ཀྱི་བསྒྲགས་གཏམ་དེའི་ནང་། རྒྱ་ནག་དབུས་གཞུང་ནས་ཧོང་ཀོང་ནང་གི་གང་བྱུང་སྨྱོ་ཧམ་བྱེད་བཞིན་པའི་བྱ་སྤྱོད་སྣང་མེད་དུ་མི་འཇོག་པ་དང་། དབུས་གཞུང་ལ་རྒྱལ་ཡོངས་བདེ་སྲུང་དང་སྤྱི་ཚོགས་བརྟན་ལྷིང་བཟོ་བར་འོས་འགན་ཆེ་ཤོས་དེ་ཡོད་སྐོར། དེ་བཞིན་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་རས་ནག་པོ་གཡོགས་པའི་དྲག་པོའི་ངོ་རྒོལ་བའི་བྱ་སྤྱོད་ནི་ཧོང་ཀོང་གི་ཆབ་སྲིད་ཀྱི་ནད་འབུ་ཡིན་པ་དང་། དེ་དག་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་དགྲ་བོ་ཆེན་པོ་ཞིག་ཡིན་པས། ཇི་སྲིད་ངོ་རྒོལ་བ་ཡོངས་རྫོགས་རྩ་མེད་མ་བཟོས་བར་དུ་ཧོང་ཀོང་ནམ་ཡང་ལྷིང་འཇགས་སུ་འགྱུར་མི་སྲིད་སྐོར་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཙོས་པའི་མི་མང་ས་ཡ་ ༣ ལྷག་གིས་ཧོང་ཀོང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་གཞུང་རྒོལ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་མགོ་བརྩམས་ཏེ། འདི་ལོའི་ཕྱི་ཟླ་ ༣ ནང་ཙམ་ལ་ཧོང་ཀོང་ནང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་ཏེ་མི་མང་འགྲོ་སྐྱོད་མི་ཆོག་པ་བཟོས་པའི་བར་དུ་ངོ་རྒོལ་མཚམས་འཇོག་བྱས་མེད་པ་དང་། ཉེ་ཆར་ནས་ཧོང་ཀོང་ནང་འགྲོ་སྐྱོད་བཀག་སྡོམ་ཇེ་ལྷོད་དུ་གཏོང་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་གཟའ་ཉི་མ་ཉིན་ངོ་རྒོལ་ལས་འགུལ་བ་ཚོས་སླར་ཡང་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་འཆར་ཡོད་སྐོར་བསྒྲགས་འདུག

ཟླ་སྔོན་མའི་ནང་ཧོང་ཀོང་ཉེན་རྟོག་པས་འདས་ལོའི་ངོ་རྒོལ་ལས་འགུལ་ཁྲོད་དྲག་སྤྱོད་བྱུང་བ་དང་འབྲེལ་བ་ཡོད་ཚུལ་བསྒྲགས་ཏེ། ཧོང་ཀོང་དམངས་གཙོ་ཚོགས་པ་མགོ་འཛུགས་གནང་མཁན་དང་ཁྲིམས་རྩོད་པ་གྲགས་ཅན༌མཱར་ཊིན་ལཱི་ (Martin Lee) ཡི་གཙོས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སོགས་དམངས་གཙོའི་ལས་འགུལ་བ་གཙོ་གྲས་གྲངས ༡༥ འཛིན་བཟུང་བྱས་ཡོད་པ་རེད་ལ། འདས་ལོའི་ཕྱི་ཟླ་ ༦ ནས་བཟུང་གཞུང་རྒོལ་ལས་འགུལ་བ་སྟོང་ ༧ ལྷག་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཨེ་ཤ་ཡའི་ཚོང་གི་དཀྱིལ་སྙིང་ལྟ་བུར་གྱུར་བའི་ཧོང་ཀོང་གྲོང་ཁྱེར་དེ་བསྟུད་མར་མི་མང་གི་གཞུང་རྒོལ་ལས་འགུལ་ནང་ལྷུང་ཡོད་སྟབས། ཧོང་ཀོང་གྲོང་ཁྱེར་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་འབྲེལ་བྱ་འགུལ་ཡོད་ཚད་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ཧོང་ཀོང་སྲིད་གཞུང་གིས་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། ཟླ་བ་ ༥ བསྟུད་མར་ཁྲོམ་ར་ཆེ་ཁག་ཚུད་པའི་ཚོང་དོན་བྱ་འགུལ་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་བའི་རྐྱེན་གྱིས། ཧོང་ཀོང་གི་དཔལ་འབྱོར་དེ་བརྒྱ་ཆ་ ༣།༢ ལ་མར་ཆགས་ཡོད་པ་མ་ཟད། དཔལ་འབྱོར་དབྱེ་ཞིབ་པ་རྣམས་ཀྱི་ཚོད་དཔག་ལས་བརྒལ་ཏེ། ཧོང་ཀོང་དེ་སྔ་ཕྱི་མ་གཏོགས་དཔལ་འབྱོར་ཆེས་ཛ་དྲག་གི་གནས་སྟངས་ནང་ལྷུང་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༠༦

Leave a Reply